ད་ལྟའི་ཚོགས་འདུ། | འཆད་ཁྲིད་སྟར་མ། | ཀུན་ཕན་དང་ལ་རྩེའི་ཚོགས་འདུ། | གནས་འཕྲིན་སྦྲམ་བུ། | འདྲ་པར་མཛོད། | ལི་ལོ། | བང་མཛོད།                         

འཆད་ཁྲིད་སྟར་མ།
 
 

image description

image description


༢༠༠༨ལོའི་སྤྱི་ཟླ་༡༡པའི་ཚེས་༢༢ཉིན། ཀུན་ཕན་ཐེབས་རྩ་ཚོགས་པས་འཆད་ཁྲིད་སྟར་མ་ཐོག་མ་དེ་དབུ་འབྱེད་གནང་། སྤྱི་ཟླ་༡༡པའི་ཚེས་༢༢ཉིན།


ཀུན་ཕན་ཐེབས་རྩ་ཚོགས་པས་གྲོང་ཁྱེར་ནེའུ་ཡོག་ཏུ་འཆད་ཁྲིད་སྟར་མའི་ལས་རིམ་གསར་པ་ཞིག་རྒྱལ་ཁའི་ངང་དབུ་འབྱེད་གནང་ལ། ཐོག་མའི་འཆད་ཁྲིད་སྟར་མ་འདིའི་ཁ་བྱང་ནི་དེང་གི་གོ་ལའི་སྤྱི་ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཅེས་པ་དེ་རེད། འཆད་ཁྲིད་སྟར་མའི་ལས་རིམ་གྱིས་འབྲེལ་ཡོད་ལས་ཀ་ཁག་གི་ཐོག་ཏུ་གསལ་རྟོགས་དང་མཉམ་འབྲེལ་དང་། དེ་བཞིན་བྱ་འགུལ་གསར་སྤེལ་བཅས་ཀྱི་དམིགས་ཡུལ་གྱི་སྟེང་དུ། བོད་རིགས་ཆེད་ལས་མཁས་པ་རྣམས་ཀྱིས་ས་ཁོངས་དང་སློབ་ཁོངས། ལས་རིགས་བཅས་མི་འདྲ་བའི་ཆེད་མཁས་དག་དང་ལྷན་དུ་གནད་དོན་སྣ་ཚོགས་ཀྱི་སྟེང་དུ་བགྲོ་གླེང་བྱེད་པའི་སྡེངས་ཆ་བསྐྲུན། ཐོག་མའི་དབུ་འབྱེད་འཆད་ཁྲིད་ནི་འཆད་ཁྲིད་སྟར་མའི་མཚམས་སྦྱོར་གྱི་འཆད་ཁྲིད་ཡིན་ལ། སྐབས་འདིར་གཙོ་བོར་སྤྱིར་འཛམ་གླིང་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་སྒོས་སུ་ཀྲུང་གོའི་ནང་གི་བོད་ཀྱི་སྐད་ཡིག་ལ་འཕྲད་བཞིན་པའི་དཀའ་ངལ། དེ་བཞིན་སྐད་ཡིག་གི་ལས་དོན་ལ་རོགས་སྐྱོར་དང་སྐད་ཡིག་གི་ལས་དོན་ཡར་རྒྱས་བཅས་ཀྱི་གནད་དོན་ཐོག་གླེང་བསླངས་ཡོད། འཆད་ཁྲིད་རྣམས་རྒྱབ་ལྗོངས་མི་འདྲ་བའི་འབུར་ཐོན་མི་སྣ་ལྔས་གནང་བ་ཡིན་ལ། ཉིན་ཧྲིལ་བོར་ཚོགས་པའི་འཆད་ཁྲིད་ཚོགས་འདུ་འདིར་སྐད་བརྡ་རིག་པ་བ་དང་སློབ་གསོ་རིག་པ་བ། གསར་འགོད་པ་དང་སྐད་བརྡ་དང་རིག་གནས་རྒྱུན་འཛིན་པ་སོགས་རྒྱབ་ལྗོངས་མི་འདྲ་བའི་ཉན་ཁན་སྣ་མང་ཕེབས་ཏེ་ལ་རྩེ་དཔེ་མཛོད་ཁང་གི་དཔེ་ཀློག་ཁང་ཡོངས་སུ་གང་།

ཤར་ཕྱོགས་དང་ཨ་ཧྥེ་རི་ཁའི་ཞིབ་འཇུག་གླིང་གི་འཇིག་ཉེན་ཡོད་པའི་སྐད་ཡིག་ཆེད་སྦྱོང་ལས་རིམ་གྱི་འགན་འཛིན་ཕེ་ཋེར་ཁེ་ཨོ་སི་ཋིན་(Peter K. Austin)ལགས་ཀྱིས་སྐད་ཡིག་ཉམས་ཆག་ཏུ་འགྲོ་བའི་འཕེལ་རིམ་དང་འབྱུང་རྐྱེན་བཅས་ཀྱི་ཐོག་ངོ་སྤྲོད་གནང་བ་བརྒྱུད་ཁོང་གིས་ད་ལྟའི་དུས་སྐབས་འདིར་གྲུངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་འཕྲད་བཞིན་པའི་དཀའ་ངལ་གྱི་སྐོར་ལ་སྤྱི་སྡོམ་གནང་ཞིང་། དེ་དང་ཆབས་ཅིག་“སྐད་ཡིག་གི་ཞབས་རྗེས་”ཞེས་པའི་འདུ་ཤེས་ངོ་སྤྲོད་གནང་། སློབ་དཔོན་ཨོ་སི་ཋིན་གྱིས་མཐའ་ན་འཇིག་བཞིན་པའི་སྐད་ཡིག་ཅིག་ལ་མཚོན་ནའང་སླར་གསོན་པའི་རེ་ཡོད་ཚུལ་གྱི་བསམ་པ་བསྟན་ལ། ཁྱད་པར་དུ་སྐད་ཡིག་ཡིག་ཚགས་སུ་འགོད་པའི་རོགས་རམ་ལ་བརྟེན་ན་དེ་བས་ཀྱང་རེ་བོ་ཡོད་ཚུལ་བརྗོད། འདིར་མནན་ཏེ་མཚམས་སྦྱོར་མདོར་བསྡུས་ཤིག་ཀློགས།

ལ་རྩེ་བོད་ཀྱི་དེང་རབས་དཔེ་མཛོད་ཁང་གི་འགན་འཛིན་སྐུ་ཞབས་འབུ་གྱིས་རིག་གནས་གསར་བརྗེའི་སྐབས་དང་རིག་གནས་གསར་བརྗེའི་སྔ་རྗེས་ཀྱི་བོད་སྐད་ཡིག་གི་འཕེལ་རྒྱས་ཐོག་ཏུ་གསུང་བཤད་གནང་ལ། ཁོང་གིས་སྤྱི་སྡོམ་གནང་དོན། བོད་ཀྱི་དེང་རབས་ཐ་སྙད་དང་གློག་ཀླད་དཔེ་སྐྲུན། དྲ་རྒྱ་དང་ལག་པར་བརྡ་འཕྲིན་སོགས་ཚུད་པའི་བོད་ཀྱི་སྐད་ཡིག་ཕྱོགས་གཅིག་ནས་ཡར་རྒྱས་སུ་འགྲོ་བཞིན་ཡོད་མོད། ཕྱོགས་གཞན་དག་ནས་ཡར་རྒྱས་སུ་སོང་མེད། དེ་བས་བོད་སྐད་ཡིག་གི་མ་འོངས་པ་མི་གསལ་ཞེས་བསྟན་ཡོད། ཁོང་གི་མཚམས་སྦྱོར་མདོར་བསྡུས་ཤིག་ཀློག་ན་འདིར་ནོན།འདིར་མནན་ཏེ་མཚམས་སྦྱོར་མདོར་བསྡུས་ཤིག་ཀློགས།<

མཱུར་ཌོག་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གླིང་གི་ལས་ཚབ་གླིང་གཙོ་སྐུ་ཞབས་ཧྥེར་ནན་ཌེ་ཝ་རེན་(Fernand de Varennes)ལགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་རྒྱལ་སྤྱིའི་ཁྲིམས་ཐོག་ཡིག་ཆ་ཁག་ངོ་སྤྲོད་བྱས་ཤིང་། ཁོང་གིས་འདི་སྐོར་གྱི་ཁྲིམས་ཐོག་ཡིག་ཆ་གཅིག་ནས་ཉུང་བ་དང་གཉིས་ནས་ཡོད་བསྡད་པ་དེ་ཚོའང་བྲིས་པ་མི་ལེགས་ཞེས་ཐེར་འདོན་གནང་། བོད་སྐད་ཡིག་གི་ཐོག་ཏུ་མཁས་དབང་ཌེ་ཝ་རེན་ལགས་ཀྱིས་གསུངས་དོན། སྤྱིར་ད་ཡོད་ཀྱི་སྲིད་ཇུས་འགའ་རེས་བོད་སྐད་ཡིག་གི་བེད་སྤྱོད་ཁོར་ཡུག་ཉམས་དམས་སུ་གཏོང་གི་ཡོད་མོད། འོན་ཀྱང་། གལ་ཏེ་ཀྲུང་གོའི་རྩ་ཁྲིམས་དང་དེ་མིན་གྱི་ད་ཡོད་ཁྲིམས་ལུགས་ཁག་ལག་ལེན་དོན་འཁྱོལ་ལེགས་པོ་བྱུང་ཚེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཕན་ཁེ་ཡོད་ཅེས་གསུངས། འདིར་མནན་ཏེ་མཚམས་སྦྱོར་མདོར་བསྡུས་ཤིག་ཀློགས།<

ཞང་ཀང་སློབ་གྲྭ་ཆེན་མོའི་སློབ་གསོའི་སློབ་གླིང་དུ་པཎྜིཏའི་ཐོབ་ཐང་ལེན་པར་བརྩོན་བཞིན་པའི་སྨན་བླ་སྐྱིད་ལགས་ཀྱིས་༡༩༩༠གོ་གྲངས་རྗེས་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་གི་སྲིད་ཇུས་ཀྱི་འགྱུར་ལྡོག་གི་ཐོག་བགྲོ་གླེང་གནང་། མཚོ་སྔོན་ཞིང་ཆེན་དུ་ཞིབ་འཇུག་བྱས་པའི་གནད་དོན་ཁག་རེ་ཟུང་གཞིར་བཟུང་སྟེ། ཁོ་མོས་སློབ་གསོའི་སྲིད་ཇུས་དེ་བོད་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་ལམ་ལུགས་ནས་རྒྱའི་སྤྱི་སྐད་གཙོ་བོར་འཛིན་པའི་སློབ་གསོའི་ལམ་ལུགས་ཀྱི་ཕྱོགས་སུ་སྤོས་པའི་རྒྱུ་རྐྱེན་ངོ་སྤྲོད་གནང་། འདིར་མནན་ཏེ་མཚམས་སྦྱོར་མདོར་བསྡུས་ཤིག་ཀློགས།<

ཊོ་རོན་ཊོ་སློབ་གྲྭ་ཆེན་མོའི་སློབ་གསོའི་གླིང་གི་སྤྱི་ཚོགས་རིག་པ་དང་མ་རྐང་ཞིབ་འཇུག་སྡེ་ཁག་གི་གདན་ཞུས་མཁས་པ་རྒྱ་ལོ་ལགས་ཀྱིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་འཕེལ་རྒྱས་ཀྱི་སྲིད་ཇུས་ཁག་གི་རྒྱབ་ལྗོངས་ལོ་རྒྱུས་དང་དེང་སང་བོད་པ་རྣམས་ལ་སྐད་ཡིག་གདམ་ངའི་དཀའ་ངལ་འཕྲད་བཞིན་པའི་སྐོར་བཅས་ཀྱི་གཏམ་བརྗོད་སྤེལ། ཁོང་གིས་གསུངས་དོན། བོད་རིགས་མི་འབོར་མང་ཆེ་བ་ད་དུང་ཡང་གཞི་རིམ་ཞིང་འབྲོག་ས་ཁུལ་དུ་ཡོད་རྐྱེན། བོད་སྐད་ཡིག་རྒྱུན་འཛིན་དང་བོད་སྐད་ཡིག་གི་གསོན་ཤུགས་བསྐྱར་དུ་སྤེལ་རྒྱུ་བཅས་ཀྱི་ལས་ཀ་ནི་རོང་འབྲོག་སྡེ་རིམ་པ་ནས་འགོ་རྩོམ་རྒྱུ་དེ་གནད་དམ་པ་རེད་ཅེས་གསུངས། འདིར་མནན་ཏེ་མཚམས་སྦྱོར་མདོར་བསྡུས་ཤིག་ཀློགས།<

འཆད་ཁྲིད་ཀྱི་མཇུག་ཏུ་གཏམ་བཤད་སྤེལ་མཁན་རྣམས་ཚོགས་ཞུགས་ཉན་མཁན་རྣམས་དང་ལྷན་དུ་བགྲོ་གླེང་ལྷུག་པོར་གནང་ལ། སློབ་དཔོན་ཨོ་སི་ཋིན་གྱིས་བགྲོ་གླེང་གི་མདོ་བཟུང་སྟེ་བརྗོད་བྱ་སྣ་ཚོགས་རྣམས་འབྲེལ་མཐུད་བྱས། གཏམ་བཤད་སྤེལ་མཁན་ཡོངས་ཀྱིས་སྤྱི་སྡོམ་གནང་དོན། སྤྱིར་བོད་སྐད་ཡིག་འདི་ད་དུང་འཇིག་པའི་ཉེན་ཁར་འཕྲད་མེད་མོད། འོན་ཀྱང་སྐད་ཡིག་གི་བེད་སྤྱོད་ཁོར་ཡུག་གལ་ཆེན་མང་བོ་ཞིག་ཉམས་དམས་སུ་བཏང་དང་གཏོང་བཞིན་པའི་སྒང་ཡིན་རྐྱེན། གལ་སྲིད་ཁྲིམས་དང་སྲིད་ཇུས་ཀྱི་ཐོག་ནས་རྒྱབ་སྐྱོར་དང་ལག་བསྟར་བརྟན་པོ་ཞིག་མ་བྱུང་ཚེ། བོད་སྐད་ཡིག་འདིའང་མི་འགྱངས་པར་ཆག་འཇིག་གི་ཕྱོགས་སུ་གོམ་པ་སྤོ་འགོ་རྩོམ་ངེས།

བགྲེ་གླེང་གི་མཇུག་ཏུ་ཇ་མགྲོན་ཞིག་བཀོད་སྒྲིག་བྱས་ཡོད་ལ་སྐབས་འདིར་ཚོགས་ཞུགས་ཉན་མཁན་དང་འཆད་ཁྲིད་སྤེལ་མཁན། དེ་བཞིན་ལས་བྱེད་མི་སྣ་བཅས་མཉམ་བསྲེས་ཀྱིས་གྲོས་བསྡུར་དང་བགྲོ་གླེང་གི་འདྲ་མིན་ཐོག་གཤིབ་བསྡུར་བྱེད་ཅིང་། ཚོགས་འདུའི་ལས་རིམ་དང་འདྲ་པར་དང་། བརྙན་པར་བཅས་རྗེས་སུ་དྲ་ཐོག་ཏུ་འགོད།


> ངོ་སྤྲོད་འདི་ཁྱེར་བདེའི་ཡིག་ཆའི་རྣམ་པས་(PDF)ཕབ་ལེན་བྱེད།
^ ཀླད་དུ་ཕྱིར་ལོག

 

ཚོགས་འདུ།

> ཀུན་ཕན་ཐེབས་རྩ་ཚོགས་པའི་འཆད་ཁྲིད་སྟར་མ་ཟེར་བ་དེ་ཅི་ཞིག་ཡིན་ནམ།

> འཆད་ཁྲིད་སྟར་མའི་བང་མཛོད།

> འཆད་ཁྲིད་ཀྱི་ལས་རིམ།

> འདས་པའི་འཆད་ཁྲིད་སྐབས་ཀྱི་མཆན་འགྲེལ།