ལས་གཞི། རིག་གནས།
ལྷོ་དང་ནུབ་ལ་རྒྱ་གར་གླིང་ཆེན་གྱིས་སྐོར་ཞིང་། བྱང་ལ་ཨེ་ཤེ་ཡ་དཀྱིལ་མའི་བག་ཕེབས་ཅན་གྱི་ཡུལ་གྲུ་དག་གནས་ལ། ཤར་ལ་རྒྱ་ནག་གི་ཡུལ་གྲུ་ཆེན་པོ་ཉིད་གནས་པའི་དབུས་དེ་ན་མཐོ་སྒང་བོད་ཆགས། ཡུལ་དེ་ནི་ངོ་མ་རིག་གཞུང་ཁྱད་པར་ཅན་ཞིག་དང་། ལག་རྩལ་ཁྱད་པར་ཅན་ཞིག་དར་ཁྱབ་ཡོང་སའི་ཁྱིམ་གཞི་ཞིག་ཡིན་ལ། བོད་མི་རྣམས་ལ་རང་བྱུང་ཁམས་ཀྱི་ཁོར་ཡུག་རྩུབ་པོའི་ནང་འཚོ་རྟེན་བྱེད་བར་རོགས་འདེགས་བྱེད་མཁན་གྱི་གནའ་བོའི་སྲོལ་རྒྱུན་བཟང་པོ་དག་གི་འབྱུང་ཁུངས་ཤིག་ཀྱང་ཡིན།
དེར་བརྟེན། ཀུན་ཕན་ཐེབས་རྩ་ཚོགས་པས། ཚོགས་པ་འདིའི་ལས་གཞི་ཚང་མའི་འཆར་འགོད་ཀྱི་ནང་དུ་བོད་ཀྱི་རིག་གཞུང་དང་ཁོར་ཡུག་གི་སྟེང་ནས་འོས་ཤིང་འཚམ་པའི་བྱ་ཐབས་རྣམས་ལག་ལེན་བྱེད་ཐུབ་པའི་སྒྲོམ་གཞི་བཏིང་ཡོད།
ཀུན་ཕན་ཐེབས་རྩ་ཚོགས་པའི་རིག་གཞུང་གི་ལས་གཞིའི་དམིགས་ཡུལ་གཙོ་བོ་ནི་མཐོ་སྒང་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་སྲོལ་རྒྱུན་དེ་དག་གོང་འཕེལ་གཏོང་ཆེད་དུ་ཡིན། དེ་ལྟར་བྱེད་པའི་དགོས་པ་ནི། གཅིག་ནས་སྲོལ་རྒྱུན་གྱི་ཤེས་བྱ་དེ་དག་ལ་སྲུང་སྐྱོབ་ཡོང་ཆེད་དང་། གཉིས་ནས་སྲོལ་རྒྱུན་གྱི་ཤེས་བྱ་དེ་དག་གིས་དེང་དུས་ཀྱི་ཉིན་རེའི་འཚོ་བའི་ནང་ལག་ལེན་ཐོག་གི་ལེགས་སྐྱེས་འབུལ་ཐུབ་པས་སོ།
ཀུན་ཕན་ཐེབས་རྩ་ཚོགས་པ་ཧུར་བརྩོན་ངང་རིག་གཞུང་གི་བྱེད་སྒོ་སྣ་ཚོགས་ཀྱི་ནང་དུ་ཞུགས་ཀྱི་ཡོད། དཔེར་ན། རིག་གནས་ཤུལ་འཛིན་སྲུང་སྐྱོབ་ཀྱི་བྱེད་སྒོ་དང་། ས་གནས་ཀྱི་སྲོལ་རྒྱུན་ལ་རྒྱབ་སྐྱོར་བྱེད་པའི་བྱེད་སྒོ། དམངས་ཁྲོད་ཀྱི་རིག་གཞུང་དང་ས་གནས་ཀྱི་ལོ་རྒྱུས་དག་ཡིག་ཐོག་ལ་འབེབས་པར་རྒྱབ་སྐྱོར། དེ་བཞིན་དེང་རབས་བོད་ཀྱི་སྒྱུ་རྩལ་གོང་འཕེལ་དུ་གཏོང་བ་ལ་སོགས་ཡིན།
ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་།
ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་ནི་ཀུན་ཕན་ཐེབས་རྩ་ཚོགས་པའི་དཔེ་མཛོད་ཡིན་པ་དང་། དཔེ་མཛོད་འདི་ནི་༢༠༠༣ལོར་གྲོངཁྱེར་ནིའུ་ཡོག་ལ་སྒོ་ཕྱེ་ནས། རིག་གནས་རྒྱུ་ཆ་གསོག་ཉར་དང་། རྒྱུན་གཏན་དང་དམིགས་བསལ་གྱི་རིག་གཞུང་གི་ལས་རིམ་སྤེལ་བ། དེ་བཞིན་སྤྱི་ཚོགས་ཀྱི་བྱེད་སྒོ་གཞན་སྣ་ཚོགས་སྤེལ་ནས་ཀུན་ཕན་ཐེབས་རྩ་ཚོགས་པའི་དམིགས་ཡུལ་སྒྲུབ་པར་བྱེད།
བོད་ཀྱི་དེང་རབས་སྤྱི་ཚོགས་ཀྱི་གསོན་ཉམས་དེ་དག་མཚོན་ཆེད་དང་། སྐྱ་བོའི་རིག་གཞུང་ལ་དམིགས་བསལ་དོ་སྣང་ཡོང་ཆེད། ལ་རྩེའི་རིག་གཞུང་གི་རྒྱུ་ཆ་གསོག་ཉར་ཁོངས་སུ་དེང་རབས་ཀྱི་པར་སྐྲུན་རྒྱུ་ཆ་རྣམས་ཡོད་པ་མ་ཟད། སྲོལ་རྒྱུན་གྱི་བོད་ཡིག་དཔེ་ཆ་དང་། དེ་བཞིན་དུས་དེབ་ཁག་དང་། སྒྲ་སྙན་དང་བརྙན་པར་གྱི་རྒྱུ་ཆ། ད་དུང་སྒྱུ་རྩལ་གྱི་རྒྱུ་ཆ་སོགས་གསོག་ཉར་བྱེད་བཞིན་ཡོད།
ལ་རྩེ་དཔེ་མཛོད་ཀྱིས་འཆར་ཅན་གྱི་གཏམ་བཤད་ལེ་ཚན་སྤེལ་བ་དང་། དེ་བཞིན་དམིགས་བསལ་གྱི་ལེ་ཚན་བཀོད་སྒྲིགས་བྱེད་པ། ད་དུང་རྩོམ་རིག་པར་སྐྲུན་གྱི་ལས་གཞི་སྤེལ་ནས་དཔེ་མཛོད་འདིར་གསོག་ཉར་བྱས་པའི་རིག་གཞུང་གི་རྒྱུ་ཆ་དེ་དག་ངོ་སྤྲོད་དང་། གསོན་ཉམས་ལྡན་པའི་དེང་རབས་ཀྱི་བོད་ཀྱི་རིག་གཞུང་དེ་དག་གི་ཁྱད་ཆོས་རྣམས་འབུར་སྟོན་བྱེད་བཞིན་ཡོད།
ལ་རྩེ་ནི་མཛམ་གླིང་ཡུལ་གྲུ་ཁག་འདྲ་མིན་ནས་ཕེབས་པའི་་མཁས་དབང་རྣམས་དང་། དོན་གཉེར་ཅན་རྣམས་ཀྱིས་དེང་རབས་བོད་ཀྱི་རིག་གཞུང་གི་གནད་རྣམས་ལ་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་བ་དང་། བསམ་ཚུལ་བརྗེ་རེས། བསམ་ཚུལ་གོ་བསྡུར་དང་ཉམས་ཞིབ་བཅས་གནང་ཡུལ་གྱི་རིག་པའི་གནས་མ་ལུས་པར་འདྲི་རྩད་ཀྱི་དོ་རྭ་ཞིག་གོ།