སློབ་གསོ། | ཞིང་འབྲོག་ཡར་རྒྱས། | འཕྲོད་བསྟེན། | རིག་གནས།

ལས་གཞིའི་སྤྱི་དོན། མཚོ་ལྷོ་ཁུལ་དམའ་འབྲིང་སློབ་གྲྭའི་ལས་གཞི།chinese version tibetan version




ལས་གཞིའི་དམིགས་ཡུལ་དང་ནང་དོན།

teacher conference

ཀུན་ཕན་ཐེབས་རྩ་ཚོགས་པས་སློབ་གསོའི་ཐོག་ལ་བཅངས་པའི་ཕུགས་འདུན་ནི་གཙོ་བོ་ཀྲུང་གོའི་བོད་རིགས་ས་ཁུལ་གྱི་སློབ་གསོའི་སྤུས་ཚད་ཇེ་ལེགས་དང་སློབ་སྦྱོང་གི་གོ་སྐབས་ཇེ་མང་དུ་གཏོང་རྒྱུ་དེ་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པ་ཐོག་མར་མགོ་བཙུགས་པ་ནས་བཟུང་། སློབ་ཆུང་གི་རིམ་པ་ནས་ཞིབ་འཇུག་སློབ་མའི་ཚད་བར་གྱི་བོད་ཀྱི་སློབ་གྲྭ་ཁག་ཡར་རྒྱས་གཏོང་བར་འབད་བརྩོན་བྱས་ཏེ། སློབ་མ་ཚོས་སོ་སོའི་མ་འོངས་པའི་སློབ་སྦྱོང་གི་མདུན་ལམ་དང་བྱ་བའི་གོ་སྐབས་བཅས་ཀྱི་ཐད་ལ་གྲ་སྒྲིག་གང་ལེགས་བྱེད་པར་མཐུན་རྐྱེན་སྦྱར་བ་ཡིན། ༢༠༠༧ ལོར་ཀུན་ཕན་ཐེབས་རྩ་ཚོགས་པས་མཚོ་ལྷོ་ཁུལ་གྱི་དམའ་འབྲིང་སློབ་གྲྭའི་ལས་གཞི་ཟེར་བ་འདི་བརྒྱུད་དེ་དམའ་འབྲིང་སློབ་གྲྭ་ཁག་གི་ལས་གཞི་རྒྱ་ཇེ་ཆེར་བཏང་བ་ཡིན། འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་དམིགས་བཀར་གྱི་དམའ་འབྲིང་སློབ་གྲྭ་ཁག་ཅིག་ཏུ་བོད་སྐད་ཀྱིས་སློབ་ཁྲིད་བྱེད་ཐབས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བའི་ལོ་གསུམ་རིང་གི་ལས་གཞི་ཞིག་ཡིན།



ལས་གཞིའི་འགྲེལ་བཤད།

sharing educational techniques

ཀུན་ཕན་ཐེབས་རྩ་ཚོགས་པས་དམའ་འབྲིང་སློབ་གྲྭ་ནི་སློབ་མ་ཚོའི་སློབ་སྦྱོང་གི་ནུས་པ་དང་མདུན་ལམ་ལ་ཡིད་ཆེས་བསྐྱེད་པར་ཧ་ཅང་གལ་ཆེ་བའི་གནད་འགག་ཅིག་ཡིན་པ་ངོས་ཟིན་པའི་ཐོག་ནས། དམའ་འབྲིང་སློབ་གྲྭའི་ལས་གཞི་ཞེས་པ་འདི་བརྒྱུད་ནས་སློབ་སྦྱོང་གི་གྲུབ་འབྲས་རྒྱ་ཆེན་པོ་ལེན་རྒྱུར་གནད་འགག་ཆེ་བའི་ལས་དོན་ཁག་གཙོ་བོར་འཛིན་བཞིན་ཡོད། ཀྲུང་གོའི་སློབ་གསོའི་སྲིད་ཇུས་ཀྱིས་ཕ་སྐད་ཀྱིས་སློབ་ཁྲིད་བྱེད་པར་སྐུལ་ལྕག་གཏོང་བཞིན་ཡོད་ནའང་། བོད་ཀྱི་སློབ་གྲྭ་ཁག་ཏུ་ཕ་སྐད་ཀྱིས་ཕན་ནུས་ཆེན་པོའི་སྒོ་ནས་སློབ་ཁྲིད་བྱེད་ཐབས་ཀྱི་དཔེ་གཞི་ཉུང་ངུ་ཞིག་ལས་མེད་ལ། སློབ་གྲྭ་མང་པོ་ཞིག་ཏུ་བསམ་བློ་གསར་བ་ལག་ལེན་དུ་འདེབས་པར་མཐུན་རྐྱེན་འདང་ངེས་ཤིག་ཀྱང་མེད། དེར་བརྟེན་མཚོ་ལྷོ་ཁུལ་དམའ་འབྲིང་སློབ་གྲྭའི་ལས་གཞི་ཞེས་པ་འདིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དམའ་འབྲིང་སློབ་གྲྭ་བཞི་དམིགས་སུ་བཟུང་སྟེ། སློབ་གསོའི་ལས་ཁུངས་ཀྱི་ལས་བྱེད་པ་དང་། སློབ་གཙོ། ཕ་མ། དགེ་རྒན་བཅས་དང་མཉམ་འབྲེལ་གྱིས་སློབ་གྲྭ་འདི་དག་ཏུ་ཆ་ཚང་ཞིང་ཕན་ནུས་ཆེ་བའི་ཕ་སྐད་སློབ་གསོའི་མ་དཔེ་ཞིག་བཟོ་འགོད་ཀྱིས་ལག་བསྟར་བྱེད་རྒྱུ་དང་། རིམ་གྱིས་དཔེ་གཞི་དེ་ཉིད་མཚོ་སྔོན་ཞིང་ཆེན་ཁྱོན་ཡོངས་སུ་མ་དཔེ་གཞན་འགེབས་བྱེད་རུང་བའི་རེ་བ་བཅངས་ཡོད། མ་དཔེ་འདིའི་ཐབས་ཇུས་ཀྱི་ཁོངས་སུ་གཤམ་གསལ་གྱི་ནང་དོན་ཁག་འདུས་ཡོད།



འཆར་འགོད་བྱས་ཟིན་པའི་ལས་སྒོ་ཁག

compiling a textbook

སློབ་ཚན་དང་འབྲེལ་ཡོད་ཀྱི་ཤེས་བྱ།

བོད་ཡིག་སློབ་གྲྭའི་དགེ་རྒན་མང་པོ་ཞིག་ལ་སོ་སོས་སློབ་ཁྲིད་ཅི་ཞིག་བྱེད་པའི་སློབ་ཚན་ཁག་དང་འབྲེལ་བའི་རྒྱབ་ལྗོངས་ཀྱི་ཤེས་བྱ་འདང་ངེས་ཤིག་མེད། མཚོ་ལྷོ་ཁུལ་དམའ་འབྲིང་སློབ་གྲྭའི་ལས་གཞི་འདིས་དགེ་རྒན་ཚོས་སོ་སོས་གང་ཞིག་སློབ་ཁྲིད་བྱེད་པའི་སློབ་ཚན་དེ་དག་ལ་གོ་བ་གཏིང་ཟབ་ཙམ་ལེན་ཐུབ་པའི་ཆེད་དུ་དབྱར་དགུན་གྱི་གུང་གསེང་སྐབས་སུ་ལས་རོགས་སློབ་གྲྭ་ཁག་ཏུ་དེའི་སྐོར་ལ་གཅིག་སྡུས་ཀྱི་སྦྱོང་བརྡར་སྤྲོད་བཞིན་ཡོད།


སློབ་མ་གཙོ་བོར་འཛིན་པའི་སློབ་ཁྲིད་བྱེད་ཐབས།

སློབ་མ་གཙོ་བོར་འཛིན་པའི་སློབ་ཁྲིད་བྱེད་ཐབས་ནི་ད་ལྟ་ཀྲུང་གོ་རུ་དར་ཁྱབ་འགྲོ་བཞིན་པའི་སྒང་ཡིན་ཞིང་། དེས་དགེ་སློབ་ཀྱི་བར་དང་ཡང་ན་སློབ་མ་ནང་ཁུལ་དུ་ཕན་ཚུན་འབྲེལ་མོལ་གྱི་ངོ་བོ་ཞིག་བསྐྲུན་ཏེ། སློབ་ཁང་གི་རྣམ་པར་གསོན་ཉམས་ཇེ་དོད་དུ་བཏང་ཡོད། ཡིན་ནའང་། བོད་ཀྱི་ཕ་སྐད་སློབ་གྲྭ་མང་པོ་ཞིག་ཏུ་སློབ་ཁྲིད་བྱེད་ཐབས་འདིའི་ཐོག་ལ་སྦྱོང་བརྡར་སྤྲོད་པར་ཆ་རྐྱེན་གྱིས་འདང་གི་མེད།


སྐད་ཡིག་སློབ་ཁྲིད།

བོད་སྐད་ཀྱི་སློབ་ཁྲིད་བྱེད་ཐབས་ལ་གྲུབ་འབྲས་ཐོབ་རྒྱུ་དེ་བོད་རྒྱ་གཉིས་ཀྱི་སྐད་ཡིག་གི་ཡོན་ཚད་དང་ནུས་པ། གཞན་ཡང་སློབ་ཁྲིད་བྱེད་ཐབས་ཀྱི་ཤེས་རྩལ་བཅས་ལ་ཐུག་ཡོད་པ་མ་ཟད། ད་སྐབས་སློབ་མ་ཚོ་མཐོ་རིམ་སློབ་གྲྭར་འགྲོ་བ་དང་ཆེད་ལས་ཀྱི་གོ་སྐབས་ཐོབ་རྒྱུར་དབྱིན་སྐད་ཀྱང་ཉིན་རེ་བཞིན་དུ་གལ་ཆེར་འགྲོ་བཞིན་ཡོད།


སློབ་གྲྭའི་འཛིན་སྐྱོང་།

ཕ་སྐད་ཀྱིས་སློབ་ཁྲིད་བྱེད་ཐབས་ལག་ལེན་དུ་འགེལ་བར་འཛིན་སྐྱོང་ནི་ངེས་པར་དུ་ཚགས་ཚུད་པོ་ཡོང་དགོས། ཡིན་ནའང་རོང་འབྲོག་སློབ་གྲྭའི་སློབ་གཙོ་མང་ཆེ་བ་ཞིག་ལ་སློབ་ཁྲིད་བྱེད་ཐབས་ཀྱི་དཔེ་གཞི་གསར་བ་འཛིན་སྐྱོང་བྱེད་པར་འདང་ངེས་ཀྱི་སྦྱོང་བརྡར་ཐོབ་མེད།


འཕྲོད་བསྟེན་དང་གཙང་སྦྲའི་དོ་སྣང་།

གཟུགས་གཞི་བདེ་ཞིང་ཁོར་ཡུག་ཁམས་གཙང་ཞིག་བྱུང་ན། དེས་སློབ་མ་ཚོར་སློབ་གཉེར་གྱི་སྐལ་བ་བཟང་བོ་འདི་ཉིད་ཡོངས་སུ་བེད་ཆོད་རྒྱུར་ཕན་ནུས་ཐོན་ཐུབ།


དགེ་སློབ་གྱི་གྲུབ་འབྲས་ལ་གཟེངས་བསྟོད།

དགེ་སློབ་གཉིས་ཀྱི་སློབ་སྦྱོང་དང་སློབ་ཁྲིད་ལ་འབྲས་བུ་གཡུར་དུ་ཟ་བ་སྨིན་པར་སྐུལ་འདེད་གཏོང་ཆེད། འགྲན་སྡུར་དང་གཟེངས་བསྟོད་ཀྱི་ལས་རིམ་སྣ་ཚོགས་བཀོད་སྒྲིག་བྱེད་རྒྱུ།


སློབ་སྦྱོང་གི་གོ་སྐབས།

སློབ་མ་རེ་བ་ཅན་མང་པོ་ཞིག་གིས་སློབ་ཡོན་སྟེར་མ་ཐུབ་པར་སློབ་མཚམས་འཇོག་གི་ཡོད་པར་བརྟེན། ལས་རོགས་སློབ་གྲྭ་ཁག་གིས་སློབ་ཡོན་བྱ་དགའ་སྟེར་སྲོལ་བཙུགས་རུང་དེས་ཆ་རྐྱེན་ཞན་པའི་སློབ་མ་ཡོངས་རྫོགས་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་མེད།


སློབ་གྲྭའི་ཆ་རྐྱེན།

བོད་ཡིག་སློབ་གྲྭ་མང་པོ་ཞིག་ཏུ་སློབ་གྲྭའི་ཆ་རྐྱེན་ཇེ་ཞན་དུ་འགྲོ་བ་མ་ཟད། སློབ་ཁྲིད་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུར་ཧ་ཅང་གལ་ཆེ་བའི་སློབ་ཁྲིད་ཀྱི་སྤུས་ཚད་མཐོན་པོ་དང་སློབ་སྦྱོང་གི་མཐུན་རྐྱེན་བཟང་བོ་བཅས་མེད་ནས་དཀའ་ངལ་འཕྲད་བཞིན་ཡོད།


མཆོག་ཏུ་གྱུར་བའི་ལག་ལེན།

ལས་གཞི་འདིའི་སྤྱིའི་དམིགས་ཡུལ་ནི་བོད་ཡིག་སློབ་གྲྭ་གཞན་དང་མཉམ་དུ་ལག་ལེན་མཆོག་ཏུ་གྱུར་བ་རྣམས་ཐུན་མོང་གིས་ལོངས་སུ་སྤྱད་དེ། མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་བོད་ཀྱི་ཕ་སྐད་སློབ་གསོའི་ནུས་ཤུགས་ཆེ་རུ་གཏོང་བར་གཞོགས་འདེགས་བྱེད་རྒྱུ་དེ་ཡིན།

 

ལས་གཞིའི་གནས་ཚུལ་སྙིང་སྡུས།

དུས་ཡུན།   ༢༠༠༧ ལོའི་སྤྱི་ཟླ་བདུན་པ་ནས་ ༢༠༡༠ ལོའི་སྤྱི་ཟླ་བདུན་པ།

དངུལ་རྩིས།  ཨ་སྒོར་ ༡།༡༨༨།༦༥༥

ས་གནས། མཚོ་སྔོན་ཞིང་ཆེན་
མཚོ་ལྷོ་ (ཧའེ་ནན) བོད་རིགས་རང་སྐྱོང་ཁུལ་ ཆབ་ཆ་རྫོང་། བྲག་དཀར་སྤྲེལ་རྫོང་། ཐུན་ཏེ་ རྫོང་། ཁྲི་ཀ་རྫོང་།

Map of Project Location

མཚོ་ལྷོའི་དམའ་འབྲིང་སློབ་གྲྭའི་ལས་གཞིའི་ལས་རོགས་ཀྱི་མཚན་ཐོ།