You are here

བྲོ་བ་ལྡན་པའི་འཇིག་རྟེན།

༢༠༡༠ ལོའི་སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ནས་ཚེས་ ༢༥ བར་དུ་ཨེ་ཊ་ལེ་ཡི་ཋུ་རིན་ (Turin, Italy) ཟེར་བའི་ས་ཆ་དེར། ཊེ་རཱ་ མེ་ཌིར་ མཛད་སྒོའི་ (Terra Madre) ཐོག་ཏུ་ཕུགས་བརྟན་ཞིང་ལས་ཚོགས་པའི་འཐུས་མི་ ༥༠༠༠ ལྷག་ཅིག་ལོ་འདིར་སླར་ཡང་འཛོམས་པར་གྱུར། རྒྱལ་སྤྱིའི་ཚོགས་འདུ་འདི་ནི་སྤུས་ལེགས་ཀྱི་ཟས་རིགས་ཐོན་སྐྱེད་བྱེད་མཁན་གྱི་ཞིང་པ་དང་ཕྱུག་ཟོག་གསོ་མཁན་རྣམས་ཀྱིས་ཁོང་ཚོའི་ཐོན་རྫས་རྣམས་བཤམས་ཏེ། ཟས་རིགས་ཐོན་སྐྱེད་དང་ཚོང་འགྲེམས་བྱེད་པའི་གསར་གཏོད་ཀྱི་ལྟ་བའི་ཐད་ལ་བགྲོ་གླེང་བྱེད་པར་ལྷན་དུ་འཛོམས་པའི་གླེང་སྟེགས་ཤིག་རེད། ཕུགས་བརྟན་ཞིང་ལས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ཀུན་ཕན་ཐེབས་རྩ་ཚོགས་པ་ཡང་འཐུས་མི་དེ་དག་གི་ཁྲོད་ཀྱི་གཅིག་ཡིན། ཊེ་རཱ་ མེ་ཌིར་ ཞེས་པའི་མཛད་སྒོ་དེའི་དམིགས་ཡུལ་ནི་ཕུགས་བརྟན་གྱི་ཟས་རིགས་དང་། ས་ཁམས། རིག་གཞུང་བཅས་ཀྱི་ཆོས་ཉིད་དང་མ་འགལ་བའི་ཐོག་ནས་ཟས་རིགས་ཐོན་སྐྱེད་བྱེད་པའི་ཚོགས་པ་ཁག་གི་བར་དུ་ཕན་ཚུན་འབྲེལ་ལམ་འཛིན་པའི་གོ་སྐབས་སྤྲོད་པའི་ཆེད་དུ་རེད།

ཊེ་རཱ་ མེ་ཌིར་གྱི་མཛད་སྒོ་དེ་དང་འབྲེལ་ནས། སོས་དལ་ཟས་རིགས་ (Slow Food) ཞེས་པའི་ཚོགས་པ་དེས་ཀྱང་ སཱ་ལོན་ ཌེལ་ གཱ་སི་ཊོ་ (Salone del Gusto) ཞེས་པའི་ས་ཆ་དེར་ཁོང་ཚོའི་ལོ་གཉིས་རེའི་མཚམས་ཀྱི་ཟས་རིགས་དུས་ཆེན་དེ་བཀོད་སྒྲིག་བྱས་ཡོད། སོས་དལ་ཟས་རིགས་ ཞེས་པའི་ཚོགས་པ་འདིར་རྒྱལ་ཁབ་ ༥༡ གི་སྤྱི་ཁྱབ་ཚོགས་པ་ ༣༡༤ ཡོད་ཅིང་། དེ་དག་གི་ཁྲོད་དུ་ཀུན་ཕན་ཐེབས་རྩ་ཚོགས་པས་རོགས་སྐྱོར་བྱེད་སའི་སྤྱི་ཁྱབ་ཚོགས་པ་ནི་ཀྲུང་གོའི་དེ་ཡིན། ང་ཚོས་ཀུན་ཕན་ཐེབས་རྩ་ཚོགས་པ་དང་ལོ་མང་པོའི་རིང་གི་མཉམ་འབྲེལ་ལས་རོགས་འཇིགས་མེད་རྒྱལ་མཚན་ལགས་དང་ལྷན་དུ། བོད་ཀྱི་འབྲི་ཕྱུར་སྤྱི་ཁྱབ་ཚོགས་པ་ཞེས་པ་དེའི་འཐུས་ཚབ་བྱས་པ་ཡིན། བོད་ཀྱི་འབྲི་ཕྱུར་སྤྱི་ཁྱབ་ཚོགས་པ་ཞེས་པ་དེ་ནི་ས་གནས་ཀྱི་ཡུལ་སྲོལ་དང་བབས་བསྟུན་གྱི་སྒོ་ནས་མཚོ་སྔོན་ཞིང་ཆེན་དུ་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཐབས་ཤིག་གི་ཆ་རུ་ ༢༠༠༤ ལོར་བཙུགས་པ་ཡིན།

ཕྱུར་ར་དེ་དག་ནི་ས་གནས་ཀྱི་ཟོག་རྫི་ཚོའི་ལག་ནས་བསྡུས་པའི་འོ་མའི་ཚད་མང་པོ་ལས་ཐོན་སྐྱེད་བྱས་པ་ཞིག་ཡིན་ཞིང་། དེའི་ཁེ་སྤོགས་ཀྱིས་ས་གནས་སློབ་གྲྭ་ཞིག་གི་འགྲོ་གྲོན་ལ་རོགས་སྐྱོར་བྱེད་བཞིན་ཡོད། མཛད་སྒོ་དེ་གཉིས་ཀའི་ཐོག་ཏུ་སྔར་བྱུང་མ་མྱོང་བའི་ལྟ་སྐོར་བའི་གྲངས་འབོར་མཐོན་པོ་སྟེ། ཚོད་རྩིས་བྱས་ན་ལྟ་སྐོར་བ་མི་གྲངས་ཁྲི་ཉི་ཤུ་ལྷག་ཙམ་འབོད་འགུག་བྱེད་ཐུབ་པར་གྱུར་ཡོད། མཱ་རི་འོ་ཡིས་ (Mario) འཛུམ་དམུལ་དམུལ་གྱི་ངང་ནས་ “འདི་འབྲི་ཕྱུར་རེད་དམ།” ཞེས་དྲིས་བྱུང་། ཁོང་ནི་ཋུ་རིན་ཞེས་པའི་ས་ཆ་དེ་ནས་མེ་འཁོར་གྱིས་ཆུ་ཚོད་གསུམ་གྱི་ལམ་དུ་འགྲོ་དགོས་སའི་གྲོང་ཁྱེར་ ཝེ་རོ་ནཱ་ (Verona) ཟེར་བའི་ས་ཆ་དེ་ནས་རེད། ཁོང་གིས་ང་ལ་བལྟས་ནས་ “ངས་འབྲི་ཕྱུར་འདིའི་སྐོར་ཉིན་མ་ཁ་ཤས་ཀྱི་གོང་ལ་བརྙན་འཕྲིན་ནས་མཐོང་བྱུང་།” ཟེར། “བརྙན་འཕྲིན་དེའི་གསར་འགོད་པས་ སཱ་ལོན་ཟེར་བའི་ས་ཆ་དེར་ཚུགས་པའི་དུས་ཆེན་ལ་ཕྱིན་པའི་མི་ཞིག་ལ་བཅར་འདྲི་བྱས་ཏེ། ཟས་རིགས་དུས་ཆེན་དེའི་ཐོག་ཏུ་ཁོས་བྲོ་བ་མྱངས་པའི་ཟས་རིགས་རྣམས་ཀྱི་ནང་ནས་བྲོ་བ་ཡག་ཤོས་དེ་གང་རེད་ཅེས་དྲིས་པར། མི་དེས་བོད་ཀྱི་འབྲི་ཕྱུར་རེད་ཅེས་ཁ་ཚོན་ཆོད་པའི་སྒོ་ནས་བཤད་བྱུང་བས། ང་ནི་འདིར་བྲོ་བ་དམིགས་བསལ་ཅན་གྱི་འབྲི་ཕྱུར་དེ་འཚོལ་དུ་ཡོང་བ་ཡིན། ངས་གོ་སྐབས་འདི་ཤོར་དུ་འཇུག་འདོད་མ་བྱུང་།” ཞེས་བཤད། འདི་ནི་ས་ཆ་ཐག་རིང་ནས་ཋུ་རིན་ལ་ང་ཚོའི་ཕྱུར་ར་ཉོ་རྒྱུའི་རེ་བ་བཅངས་ཏེ་ཡོང་བའི་གནས་ཚུལ་ཐེངས་དང་པོ་དེ་འདྲ་ཅང་མིན་པར། མི་ཁག་ཅིག་གིས་ནི་ང་ཚོའི་ཕྱུར་ར་འདི་ཉིད་ ༢༠༠༤ ལོར་ སཱ་ལོན་ ཌེལ་ གཱ་སི་ཊོ་ ཟེར་བའི་ས་ཆ་དེར་ཐེངས་དང་པོར་འགྲེམས་ཚོང་བྱས་པ་ནས་བཟུང་ད་བར་དུ་འཆར་ཅན་ཉོས་ཡོད། ༢༠༡༠ ལོའི་ སཱ་ལོན་ ཌེལ་ གཱ་སི་ཊོ་ཡི་དུས་ཆེན་ཐོག་ཏུ་ང་ཚོར་འབྲི་ཕྱུར་བཙོང་རྒྱུ་མ་བྱུང་ནའང་། འབྲི་ཕྱུར་ལ་དགའ་སྣང་དང་དོ་སྣང་ཡོད་མཁན་ཚོར་འབྲི་ཕྱུར་གྱི་བྲོ་བ་མྱོང་དུ་འཇུག་པར་འབྲི་ཕྱུར་ཏོག་ཙམ་རེ་སྤྲད་པ་ཡིན།

གངས་ལྗོངས་བོད་ཀྱི་ཕྱུར་ར་བཟོ་སྐྲུན་ཁང་གིས་ ༢༠༠༣ ལོ་ནས་བཟུང་ཀུན་ཕན་ཐེབས་རྩ་ཚོགས་པའི་རོགས་རམ་ལ་བརྟེན་ནས། རྒྱལ་སྤྱིའི་ཁྲོད་དུ་ཕྱུར་ར་ཕྱིར་བཙོང་བྱེད་མགོ་བརྩམས་ཡོད། ༢༠༠༤ ལོར། བཟོ་གྲྭ་འདིའི་ཕྱུར་ར་རྣམས་ སཱ་ལོན་ ཌེལ་ གཱ་སི་ཊོ་ ཟེར་བའི་ས་ཆ་དེར་ཚུགས་པའི་ཕུགས་བརྟན་ཟས་རིགས་ཀྱི་ཐོན་རྫས་སྣ་མང་གི་འགྲེམས་སྟོན་ཐོག་ཏུ་ཞུགས་ཐུབ་པར་གྱུར་ཏེ། ཕྱུར་རའི་ཐོན་རྫས་འདི་ཉིད་ལ་རིག་གཞུང་གི་ཁྱད་ཆོས་འཛོམས་ཞིང་དང་དཔལ་འབྱོར་གྱི་ཆ་ནས་ཕུགས་འཕེར་ཡུན་བརྟན་གྱི་སྤུས་ཚད་ལྡན་པའི་གཟེངས་བསྟོད་ཐོབ་པ་རེད།

ཊེ་རཱ་ མེ་ཌིར་ གྱི་མཛད་སྒོ་ཐེངས་སྔོན་མའི་རིང་ལ། ཕྱུར་ར་འདི་ཉིད་ཀྱི་སྤུས་ཀའི་ཐད་ལ་ཨི་ཊ་ལི་རྒྱལ་ཁབ་དང་ཨ་མེ་རི་ཀའི་ཕྱུར་རའི་ཆེད་མཁས་པ་ཚོས་གདེང་འཇོག་གང་ལེགས་གནང་བྱུང་བ་མ་ཟད། ནེའུ་ཡོག་གི་ཚོང་ཁང་ཁག་ཅིག་གིས་ཉོ་འདོད་ཀྱི་དོ་སྣང་ཡང་སྤྲད་བྱུང་། ཡིན་ནའང་གནས་སྐབས་ཀྱི་རིང་ལ་ཕྱུར་ར་འདི་ཉིད་བོད་ནས་ཕྱི་རྒྱལ་དུ་ཕྱིར་གཏོང་བྱེད་རྒྱུ་མཚམས་བཞག་ཡོད་ཅིང་། ང་ཚོས་གང་མགྱོགས་སྒོས་ཕྱུར་ར་འདི་ཉིད་སླར་ཡང་ཨ་མེ་རི་ཀར་ཕྱིར་གཏོང་བྱེད་པའི་མགོ་རྩོམ་པ་བརྒྱུད། མི་རྣམས་ཀྱིས་སོ་སོའི་རང་ཁྱིམ་གྱི་གསོལ་ཅོག་གི་སྟེང་ནས་བོད་ཀྱི་བྲོ་བ་ཏོག་ཙམ་མྱོང་པའི་སྒོ་ནས། ང་ཚོས་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་རོགས་རམ་གནང་ཐུབ་རྒྱུའི་རེ་བ་བཅངས་བཞིན་ཡོད།

ཀུན་ཕན་ཐེབས་རྩ་ཚོགས་པའི་ངོས་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཤེས་བྱ་དང་འཚོ་བའི་ཁྱད་ཆོས་རྣམས་མུ་མཐུད་ནས་གོང་སྤེལ་དུ་གཏོང་མཁན་གྱི་བོད་ཀྱི་རུ་སྡེ་ཞིག་ལ་ཕུགས་བརྟན་གྱི་ཡོང་སྒོ་ཞིག་སྤྲོད་ཐུབ་པའི་ཚོགས་པ་འདི་འདྲ་ཞིག་དང་ཐོན་རྫས་འདི་འདྲ་ཞིག་ལ་ད་བར་དུ་རྒྱབ་སྐྱོར་བྱས་པར་སྤོབས་པ་སྐྱེས་ཀྱི་ཡོད་ལ། ང་ཚོས་མུ་མཐུད་ནས་ཐོན་རྫས་འདི་དག་ཐོན་སྐྱེད་བྱེད་པར་རོགས་སྐྱོར་དང་། རྒྱལ་སྤྱིའི་ཟས་རིགས་སྣ་མང་དུ་འགྱུར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཊེ་རཱ་ མེ་ཌིར་ དང་ སོལ་དལ་ཟས་རིགས་ གཉིས་ཀྱི་རེ་སྨོན་ཏེ། ས་གནས་ཀྱི་སྲོལ་རྒྱུན་གྱི་རིན་ཐང་ཁོ་ན་ཙམ་མིན་པར་རང་བྱུང་ཁོར་ཡུག་དང་མིའི་འཕྲོད་བསྟེན་བཅས་ཀྱི་རིན་ཐང་ལའང་ངེས་རྟོགས་ཡོད་པའི་རོ་བཅུད་ལྡན་པའི་ཟས་རིགས་ཞིག་ཐོན་སྐྱེད་བྱེད་པར་སྐུལ་འདེད་གཏོང་བ་དེ་ནི། འཛམ་གླིང་སྤྱི་དང་ནང་སྒོས་སུ་བོད་ཀྱི་ས་ཁུལ་ཁག་གི་རུ་སྡེ་རྣམས་ཀྱི་འཚོ་བ་འཕེལ་རྒྱས་སུ་གཏོང་བར་མེད་དུ་མི་རུང་བ་ཞིག་རེད་དོ། ང་ཚོས་འདྲ་དཔར་ཁག་ཅིག་གི་གཤམ་འོག་ཏུ་གསལ་བཤད་ཐུང་ངུ་རེ་དང་བཅས་ཕུལ་ཡོད།