You are here

མདོ་སྨད་བྱང་ཤར་ས་མཐའི་ལ་རྩེའི་ཐོ་ཁུངས།

ལ་རྩེ་དང་འབྲེལ་བའི་ཡུལ་ལྷ་གཞི་བདག་གསོལ་མཆོད་ནི་བོད་ཀྱི་མི་སྡེའི་ཐུན་མོང་གི་མཛད་སྒོ་དང་ལོ་རྒྱུས་དྲན་གསོ། སྤྱི་ཚོགས་རིག་གནས་ངོས་ལེན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། མདོ་སྨད་བྱང་ཤར་ས་མཐའི་ལ་རྩེའི་ཞིབ་འཇུག་ནི། ངེད་ཀྱི་འབུམ་རམས་པའི་རྩོམ་ཡིག་གི་ནང་དོན་གྱི་ཆ་ཤས་སུ་གྱུར་བ་ལ། ༢༠༠༩ལོར་ཀུན་ཕན་ཐེབས་རྩ་ཚོགས་པའི་ཞིབ་འཇུག་རོགས་དངུལ་ཐོབ་པར་བརྟེན། ཀན་སུའུ་ཞིང་ཆེན་སུའུ་ནན་ཡུའུ་ཀུའུ་རིགས་རང་སྐྱོང་རྫོང་ཆི་ཕེན་བོད་རིགས་ཤང་གི་ལ་རྩེའི་རིག་གནས་འཕེལ་འགྱུར་སྐོར་ལ་རྡོག་སྐོར་ཞིབ་འཇུག་བྱེད་སྐལ་བྱུང་། ཆི་ཕེན་བོད་རིགས་ཞང་གི་བོད་མི་ལ་ལོ་རྒྱུས་སུ་མདུང་ནག་ཁ་གསུམ་ཞེས་འབོད་པ་དང་། ཁོང་ཚོ་སྔ་མོ་ནས་མདོ་ལ་རིང་མོའི་བྱང་རྒྱུད་དུ་གཞིས་ཆགས་ཤིང་མངའ་ཁོངས་རྒྱ་ཆེ་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ལོ་རྒྱུས་རིག་གནས་དར་རྒྱུན་རིང་། ཡུལ་འདིའི་ལྷོ་ཕྱོགས་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རྫོང་དང་བྱང་མཚམས་ཅུ་ཆོན་དང་ཅ་ཡུ་གོན་གྲོང་ཁྱེར་དང་འབྲེལ་ཡོད། ས་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༡༠༢༠༢ཡོད། ཡུལ་འདིར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་དགོན་རྙིང་མདུང་ནག་འཇམ་དབྱངས་དགོན་པ་དང་། མདོ་ལ་རིང་མོའི་དབུ་རྩེ་ཕྲེང་ལ་སོགས་གནས་ཡོད།

ལོ་རྒྱུས་ཐོག་ཆི་ཕེན་གྱི་བོད་མདུང་ནག་ཁ་གསུམ་ཡང་བོད་བརྒྱུད་ནང་བསྟན་ལ་དད་པས། བོད་སྤྱི་དང་འདྲ་བར་ ཆོས་དད་དང་རྩེ་རིགས་ཀྱི་ཆ་ལྡན་པའི་ཡུལ་ལྷ་གསོལ་མཆོད་ཀྱི་ལ་རྩེ་བསྟོད་སྲོལ་དར་ཁྱབ་ཆེ། དུས་རབས་སྔ་མ་ནས་བཟུང་ལོ་རྒྱུས་ཀྱི་འགྱུར་ལྡོག་དང་གསར་བརྗེ། ཉེ་འཁོར་གྱི་རྒྱ་མི་རིགས་ཀྱི་ཤན་ཤུགས་ཆེ་ཆེར་ཐེབས་པ་སོགས་ཀྱི་དབང་གིས། ཆི་ཕེན་གྱི་བོད་མདུང་ནག་པའི་སྲོལ་རྒྱུན་གྱི་རིག་གནས་ནི་ཉིན་རེ་ལས་ཉིན་རེར་ཉག་ཕྲ་བའི་གནས་སུ་གྱར། དཔེར་ན་བོད་སྐད་ནི་ལོ་ན་༧༠ཡན་གྱི་རྒན་པ་རེ་གཉིས་མ་གཏོགས། གཞོན་སྐྱེས་སུ་ཞིག་གིས་ཀྱང་བཤད་མི་ཤེས་པ་དང་། དེ་སྔའི་རིག་པའི་འབྱུང་གནས་འཇམ་དབྱངས་དགོན་པར་ཡང་མཆོད་མཇལ་བ་ཤིན་ཏུ་ཉུང་། ཡིན་ན་ཡང་ཁོ་ཚོར་ཕ་མེས་ཡང་མེས་དང་བོད་མི་རིགས་ལ་ཤ་ཞེན་ངོས་ལེན་ཤུགས་ཆེན་ལྡན་ཞིང་། དེ་ནི་རང་གི་ངོས་ཟིན་དང་གཞན་གྱི་གནོན་ཤུགས་གཉིས་ཆ་ལས་བྱུང་བ་ཞིག་རེད།

ལས་གཞི་འདིའི་བརྗོད་བྱ་གཙོ་བོ་༼མདོ་ལ་རིང་མོའི་གེ་སར་མདུང་ནག་ལ་རྩེ་༽ནི་སྤྱི་ལོ་༢༠༠༦ལོའི་ཟླ་༦པར་འཇམ་དབྱངས་དགོན་པའི་རྒྱབ་རིར་གསར་དུ་བརྩིགས་ཤིང་། དེ་ནི་ལ་རྩེ་མ་བུ་བཅུ་བཞི་ཡིས་གྲུབ་པ་ལ། དབུས་སྤྱི་བླ་ལྟ་བུའི་ལ་རྩེ་མ་ནི་མདུང་ནག་ཚོ་བའི་སྡེ་བ་༡༣མཚོན་པའི་གཏེར་རྡོ་རིགས་༡༣དང་མདའ་ཆེན་༡༣གྱིས་གྲུབ་པ་རེད། དེའི་མཐའ་འཁོར་དུ་སྡེ་བ་༡༣མཚོན་པའི་བུ་ལ་རྩེ་༡༣གྱིས་བསྐོར་ཡོད་ཅིང་། ལོ་རེིའི་རྒྱ་རྩིས་ཀྱི་ཟླ་༦ཚེས་༦ནི་ལ་རྩེ་གསོལ་མཆོད་ཀྱི་ཉིན་མོ་ཡིན་ཏེ། མདུང་ནག་ཚོ་བའི་ཕོ་མོ་རྒན་གཞོན་དང་གཞན་ཡུལ་དུ་སྡོད་མཁན་ཚང་མ་ཅི་ཐུབ་ཀྱིས་ཡོང་བ་དང་། ལ་རྩེ་གསོལ་མཆོད་ཀྱི་བྱ་འགུལ་དེ་ནི་ཡུལ་དེའི་ས་འཛིན་དང་པོ་མདུང་ནག་བོད་པ་ཁོ་རང་ཚོས་དང་བླང་གིས་སྤེལ་བ་ཞིག་རེད། ཁོ་ཚོས་མདུང་ནག་སྤྱི་བསངས་དེ་ཚོ་མི་ཀུན་གྱི་གཡོལ་དུ་མེད་པའི་འགན་འཁུར་ཞིག་ཏུ་བརྩི་བཞིན་ཡོད། སྤྱི་བསངས་གཏོང་བའི་ཐུན་མོང་གི་བྱ་འགུལ་དེ་ནི་ཁོ་རང་ཚོའི་ཕ་སའི་རིག་གནས་སྒྲོག་ས་ཞིག་ཡིན་པར་མ་ཟད། ཐུན་མོང་གི་ལོ་རྒྱུས་དྲན་གསོ་དང་སྲོལ་རྒྱུན་འཛིན་སྐྱོང་གི་ཐབས་ལམ་ཞིག་ཏུ་གྱུར་ཡོད། དེ་མིན་ད་དུང་མདུང་ནག་པ་ཚོའི་བོད་ཀྱི་མི་རིགས་དང་རིག་གནས་ཀྱི་ངོས་ལེན་བྱེད་སྟངས་ཤིག་ཏུ་ཡང་གྱུར་འདུག

སྤྱི་བསངས་སྐབས། མདུང་ནག་ཏུ་འཇམ་དབྱངས་དགོན་པའི་སྤྲུལ་སྐུ་དང་གྲྭ་བ་གཉིས་མ་གཏོགས་བསངས་ཡིག་འདོན་ཤེས་མཁན་མི་གཅིག་ཀྱང་མེད། ཡིན་ན་ཡང་བསངས་མཆོད་སྐབས། བོད་ལྭ་གོན་པ་ནི་གཟི་བརྗིད་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་དེ། མི་ཚང་ལ་ལས་སྤྱི་བསངས་ལ་ཆེད་དུ་བོད་ལྭ་བསྡུ་ཉར་དང་མངགས་ཉོ་བྱས་འདུག ལྷག་པར་དུ་རྒན་པ་དང་བྱིས་པ་ཚོ་བོད་ལྭ་གྱོན་ནས་དགའ་དགའ་སྤྲོ་སྤྲོའི་ངང་བསངས་མཆོད་དུ་ཞུགས་བཞིན་ཡོད། གནས་ཚུལ་འདི་ལྟ་བུ་ནི་འདི་བཞིན་བོད་ཀྱི་རིག་གནས་ཉག་ཕྲ་བའི་ཀན་སུའུ་ཁོངས་གཏོགས་ཐན་ཁྲང་དང་ཝོ་ཏུའི་བོད་རིགས་ཞང་སོགས་ན་ཡོད་པ་མ་རེད། ཆི་ཕེན་གྱི་བོད་མདུང་ནག་ཚོ་བའི་སྤྱི་བསངས་ནི། བོད་ཡུལ་གཞན་གྱི་འཛམ་གླིང་སྤྱི་བསངས་ཇི་བཞིན་གཟབ་རྒྱས་དང་འཁྲུག་པོ་ཡོད། སྐབས་དེར་ཡུལ་ཚོའམ་ཞང་སྲིད་གཞུང་གིས་འཕྲོ་མཐུད་དུ་ལོ་རེིའི་མི་རིགས་རིག་རྩལ་དུས་ཆེན་དང་ལུས་རྩལ་འགྲན་ཚོགས་རྩ་འཛུགས་བྱེད་ཅིང་། དེར་བོད་ཀྱི་རིག་རྩལ་འཁྲབ་སྟོན་དང་རྟ་རྒྱུག་འགྲན་སྡུར་སོགས་ཡོད་པ་རེད། མདུང་ནག་གི་སྤྱི་བསངས་དང་རིག་རྩལ་འགྲན་ཚོགས་གཉིས་ནི་གཅིག་གྲོགས་གཅིག་ཏུ་ཤར་ནས། བོད་མདུང་ནག་ཚོ་བའི་རིག་གནས་མངོན་སྟོན་དང་སླར་གསོ་བྱེད་པའི་སྟེགས་བུ་ཞིག་ཏུ་གྱུར་ཡོད། དོན་དངོས་སུ། མདུང་ནག་གི་བོད་མི་ཚོ་ལ་རྩེ་གསོལ་མཆོད་ལ་དེ་འདྲའི་དུང་དད་ཆེ་དོན་ནི། བོད་ཀྱི་རིག་གནས་ཀྱི་ངོ་བོ་ངོས་ལེན་དང་མངོན་སྟོན་གྱི་ཆེད་དུ་ཡིན་པ་ལས། ཆོས་ལུགས་དད་མོས་ཀྱི་ཆེད་དུ་མ་ཡིན་ནོ། །


ཡུམ་སྐྱབས་ནི་༢༠༠༩ལོའི་ཀུན་ཕན་གྱི་ཞིབ་འཇུག་བྱ་དགའི་སློབ་ཡོན་ཐོབ་མཁན་གྱི་གྲས་ཅིག་ཡིན་ཞིང་། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཕྱི་ནང་གཉིས་ལ་བཞུགས་པའི་དེང་དུས་ཀྱི་བོད་མི་དང་རིག་གཞུང་གི་གནས་སྟངས་སྐོར་ལ་ཞིབ་འཇུག་བྱེད་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། སློབ་ཡོན་དེ་༢༠༠༩ལོར་མགོ་བཙུགས་ཤིང་། དེའི་དགོས་པ་གཙོ་བོ་ནི་བོད་ཀྱི་སྤྱི་ཚོགས་སྐོར་ལ་ཤེས་བྱ་མཁོ་སྐྲུན་དང་མ་འོངས་ཡར་རྒྱས་ཀྱི་བྱ་བར་ལམ་སྟོན་ཆེད་ཡིན།