You are here

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན།

༢༠༡༠ཟླ་བ་བརྒྱད་པའི་ཚེས་༡༥ནས་ཚེས་༢༡བར་ལ། འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་མཁས་དབང་བཞི་བརྒྱ་ལྷག་ཁེ་ན་ཀྲའི་གྲོང་ཁྱེར་བྷེན་ཁུ་བྷར་གྱི་མཛེས་ཤིང་ལྟ་ན་སྡུག་པའི་སྦེ་རི་ཀྲི་ཤ་སློབ་གྲྭ་ཆེན་མོའི་སློབ་གླིང་ལ་འཛོམས་ནས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་༡༢པ་དེ་ཚོགས། ཚོགས་འདུ་འདི་ནི་ལོ་གསུམ་ནས་བཞིའི་ནང་ལ་ཐེངས་གཅིག་རེ་བསྡུས་ནས་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་རྣམ་པས་གཟའ་འཁོར་གཅིག་གི་རིང་ལ་བོད་རིག་པ་དང་འབྲེལ་བ་ཡོད་པའི་བརྗོད་གཞི་སྣ་ཚོགས་ཀྱི་སྟེང་བགྲོ་གླེང་བྱེད་ཀྱི་ཡོད། འདས་པའི་ལོ་ཤས་ནང་ལ་ཚོགས་འདུ་འདིའི་བརྗོད་གཞིའི་རྣམ་གྲངས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ནི་ཐེངས་འདིའི་རྒྱབ་ལྗོངས་མི་འདྲ་བའི་ཚོགས་ཞུགས་པ་རྣམས་དང་གླེང་གཞི་མི་འདྲ་བའི་བགྲོ་གླེང་ཚོགས་ཆུང་མང་པོ་བཀོད་སྒྲིག་བྱས་ཡོད་པ་ལས་ཤེས་ཐུབ།

ཉིན་གཅིག་བྷན་ཁུ་བྷར་ལ་སྔར་བྱུང་མྱོང་མེད་པའི་ཚ་གདུག་ཆེན་པོ་ལངས་ཀྱང་། ཡུལ་གྲུ་ཁག་ནས་ཕེབས་པའི་མཁས་དབང་ཚོས་ཚ་གདུག་ལ་ཇི་མི་སྙམ་པར་ཧུར་བརྩོན་ཆེན་པོས་བགྲོ་གླེང་རྣམས་ལ་ཞུགས་ནས་མཁས་པའི་མཛད་པ་བསྐྱངས། མཛེས་ཤིང་ལྟ་ན་སྡུག་པའི་སློབ་གླིང་གི་ར་བའི་ནང་ལ། བྷན་ཁུ་བྷར་མཚོ་ངོས་ནས་བསིལ་རླུང་དལ་བུས་གཡོ་ཞིང་། ལྗོན་ཤིང་གི་གྲིབ་བསིལ་འོག་ལ། རྒྱ་ནག་དང་རྒྱ་གར་ནས་ཕེབས་པའི་མཁས་དབང་ཚོས། ནུབ་ཕྱོགས་ནས་ཕེབས་པའི་མཁས་དབང་རྣམས་དང་མཉམ་དུ་སོས་དལ་གནང་བཞིན། རྒྱས་སྤྲོས་མེད་ཅིང་བག་ཕེབས་པོའི་ངང་ཕན་ཚུན་བཀའ་མོལ་གནང་ནས་ཞུགས་པ་ནི་བོད་རིག་པའི་ཚོགས་འདུ་འདིའི་བརྗེད་པར་དཀའ་བའི་རྣམ་པ་གཅིག་རེད།

བོད་ཀྱི་རིག་གཞུང་དང་སྐད་ཡིག་གོང་འཕེལ་གཏོང་བའི་ཆོད་སེམས་མངོན་འགྱུར་ཡོང་ཆེད། ༡༩༩༨ལོ་ནས་བཟུང་། ཀུན་ཕན་ཐེབས་རྩ་ཚོགས་པས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད་ཅིང་། ངེད་ཚོའི་རོགས་སྐྱོར་གྱི་དམིགས་འབེན་གཙོ་བོ་ནི་ན་གཞོན་ཤེས་ཡོན་ཅན་རྣམས་ཡིན་པ་དང་། ཁོང་ཚོར་དུས་རྒྱུན་མཚན་སྙན་ཆེན་པོ་ཡིན་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་ཐོག་ཞུགས་པ་དང་རྩོམ་ཡིག་སྒྲོག་བྱང་བྱེད་པའི་གོ་སྐབས་ཡེ་ནས་མེད། དེར་བརྟེན། ངེད་ཚོས་ཁོང་ཚོར་མ་དངུལ་གྱི་རོགས་སྐྱོར་གཅིག་པུ་མ་ཡིན་པར་། ད་དུང་ས་གནས་ནས་སྣེ་ལེན་ཞུས་ནས། སྐད་སྒྱུར་དང་། ཚོགས་འདུའི་ཐོ་འགོད། དེ་བཞིན་གནམ་ཐང་ནས་བསུ་སྐྱེལ་སོགས་ཀྱི་རོགས་པ་བྱས་ནས། ཁོང་རྣམས་བདེ་བླག་ངང་ཚོགས་འདུར་ཞུགས་ཐུབ་རྒྱུའི་འབད་པ་བྱས་ཡོད།

དེ་སྔོན་ཀུན་ཕན་གྱིས་རོགས་སྐྱོར་བྱས་པའི་མཁས་དབང་ཚོས། བརྗོད་གཞི་མི་འདྲ་བ་མང་པོའི་ནང་རྩོམ་ཡིག་སྒྲོག་བྱང་བྱས་ཡོད་པ་སྟེ། རེབ་གོང་ཡུལ་གྱི་ལྷ་འབེབ་མཁན་གྱི་སྐོར་དང་། བོད་ཀྱི་གནའ་བོའི་རྩིས་རིག་དང་། དེ་བཞིན་བོད་ཀྱི་གནའ་དཔེ་རྩོམ་སྒྲིག་བྱེད་པའི་སྐོར་སོགས་ཡིན། ༢༠༡༠ལོའི་ནང་ལ། ངེད་ཚོས་མི་རབས་གསར་པའི་ཤེས་ཡོན་ཅན་བཅུ་ཙམ་ལ་བོད་རིག་པའི་ཚོགས་འདུར་ཞུགས་པར་རོགས་སྐྱོར་བྱས། ཁོང་རྣམས་ཀྱིས་ཚོགས་འདུ་དེར། མི་རིགས་རིག་པ་དང་། ལོ་རྒྱུས། རྩོམ་རིག དེ་བཞིན་ཨར་སྐྲུན་རིག་པ་སོགས་ཀྱི་བརྗོད་གཞིའི་ནང་ལ་ཆེད་རྩོམ་སྤེལ་ཡོད། ད་རེས་ཁོང་རྣམས་ཀྱིས་རྒྱལ་སྤྱིའི་ཚོགས་འདུ་འདི་དང་འབྲེལ་བ་བྱུང་བ་བརྒྱུད་ནས་ཕྱི་རྒྱལ་དུ་ཕེབས་པའི་གོ་སྐབས་གཞན་པ་ཡང་ཐོབ་ཡོད། ངེད་ཚོས་ཚོགས་འདུ་འདི་ལ་ཚོགས་ཞུགས་ཀྱི་རོགས་དངུལ་སྦྱིན་པ་མ་ཟད། ད་དུང་ཐེངས་འདིར་ཚོགས་འདུ་འདི་སྐོང་མཁན་ལ་ཡང་ཚོགས་འདུའི་གྲ་སྒྲིག་གི་ཆེད་དུ་འགྲོ་སོང་གཏོང་བའི་རོགས་དངུལ་སྦྱིན་ཡོད། མ་ཟད་ངེད་ཚོའི་ལས་བྱེད་པ་རྣམས་ཀྱིས་ཀྱང་། ཚོགས་འདུར་ཞུགས་པ་དང་བགྲོ་གླེང་ཚོགས་ཆུང་ལ་སོགས་གཙོ་སྐྱོང་གནང་ཡོད།

ཀུན་ཕན་ཐེབས་རྩ་ཚོགས་པའི་ཞིབ་འཇུག་ལས་ཁུངས་དང་། ཤེལ་ལེ་དང་ཌོན་རུ་སྦིན་ཐེབས་རྩ་ཚོགས་པ་གཉིས་ཀྱིས་“བོད་ཀྱི་ནང་ལ་ལག་ལེན་ཐོག་འཇུག་པའི་ཤེས་ཡོན།”ཞེས་པའི་བགྲོ་གླེང་ཚོགས་ཆུང་ཞིག་བསྐོངས་ནས། ཚོགས་ཆུང་དེའི་ནང་ལ་ལག་ལེན་དང་འབྲེལ་ཡོད་ཀྱི་ཆེད་ལས་ཤེས་ཡོན་ཅན་དང་། སྤྱི་ཚོགས་ནང་ལ་ཁ་ཡོད་ལག་ཡོད་ཀྱིས་ཞབས་འདེགས་སྒྲུབ་མཁན་གྱི་བྱ་བའི་ཐོག་ལ་ཞིབ་འཇུག་བྱེད་མཁན་གྱི་ཤེས་ཡོན་ཅན་རྣམས་བསྡུ་སྐོང་བྱས་ནས་ཤེས་ཡོན་དང་སྤྱི་ཚོགས་ཡར་རྒྱས་ཀྱི་བྱ་བའི་གནད་ལ་བགྲོ་གླེང་མཛད། ཚོགས་ཆུང་དེས་གནད་དོན་གསུམ་ལ་གོ་བསྡུར་བྱས་ཡོད་པ་སྟེ། ཞིབ་འཇུག་གི་ལས་ཀའི་ནང་ལ་ཀུན་སྤྱོད་དག་ཐེར་དགོས་པའི་གནད་དོན་གྱི་སྐོར་དང་། ཤེས་ཡོན་དར་སྤེལ་གཏོང་སྟངས་ཀྱི་གནད་དོན། དེ་བཞིན་ལག་ལེན་དང་འབྲེལ་ཡོད་ཀྱི་ཤེས་ཡོན་དང་ཞིབ་འཇུག་གི་བྱ་བའི་དབར་གྱི་འབྲེལ་བའི་གནད་དོན་བཅས་རེད།

པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་བོད་ཡུལ་ཨེ་ཛེའི་ནད་ཡམས་སྔོན་འགོག་ཚོགས་པའི་ཀུན་སྤྱོད་དང་འབྲེལ་བ་ཡོད་པའི་ལས་ཀའི་དཔེ་མཚོན་འགའ་ཤས་ངོ་སྤྲོད་མཛད་དོན། ༢༠༠༠ལོའི་ནང་ལ་དཀར་མཛེས་ཁུལ་ལ་ཨེ་ཛེའི་ནད་པ་དང་པོ་དེ་འཐོན་པའི་སྐབས་ལ། རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་ནད་ཡམས་དེའི་སྔོན་འགོག་གི་བྱ་བ་སྤེལ་རྒྱུ་གལ་ཆེ་ཡིན་པ་ངོས་འཛིན་གནང་། གལ་ཏེ་སྔོན་འགོག་གི་བྱ་བ་དེ་གང་མགྱོགས་འགོ་འཛུགས་མ་ཐུབ་ན། བོད་མཐོ་སྒང་ལ་དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་ཨེ་ཛེའི་ནད་ཡམས་ཀྱི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་གཟིགས་ནས། ཁོང་གིས་སྔོན་འགོག་ཚོགས་པ་ཞིག་བཙུགས་ནས་ཞིང་འབྲོག་མི་དམངས་ལ་ཨེ་ཛེའི་སྔོན་འགོག་གི་སློབ་གསོ་ཁྱབ་སྤེལ་གནང་།

མི་དམངས་རྣམས་ལ་དཔེ་དེབ་མཁོ་སྤྲོད་བྱ་རྒྱུ་དེ་ཡང་གལ་ཆེ་ཞིག་ཡིན་པར་ངོས་འཛིན་གྱིས། སྐུ་ཞབས་མར་ཁ་ཊུ་རིན་ (Mark Turin) གྱིས་ཧི་མ་ལ་ཡའི་གློག་རྡུལ་ལས་གཞི་ཟེར་བ་དེ་ངོ་སྤྲོད་གནང་། སྐུ་ཞབས་མར་ཁ་ཊུ་རིན་ནི་ཁེམ་སྦུ་རི་ཅིསློབ་གྲྭ་ཆེན་མོའི་འཛམ་གླིང་ངག་རྒྱུན་རྩོམ་རིག་ལས་གཞིའི་འགན་འཛིན་ཡིན་པ་དང་། ལས་གཞི་དེས་མི་དཔྱད་རིགས་པའི་ཡིག་ཚགས་ཀྱི་རྒྱུ་ཆ་རྣམས་གསོག་ཉར་དང་ཀློག་པ་པོ་རྣམས་ལ་མཁོ་འདོན་བྱེད་པའི་བྱ་བ་སྒྲུབ་བཞིན་ཡོད། ཁོང་གིས་ཡིག་ཚགས་ཀྱི་རྒྱུ་ཆ་དེ་དག་གློག་རྡུལ་གྱི་རྣམ་པའི་ཐོག་ལ་ཕབ་སྒྱུར་བྱེད་སྐབས་འཕྲད་པའི་དཀའ་ངལ་རྣམས་ངོ་སྤྲོད་མཛད། ལྷག་དོན་རྒྱུ་ཆ་རྣམས་ཡུན་རིང་གནས་ཐུབ་པའི་སྤུས་ཀ་དང་མཁོ་འདོན་སྟབས་བདེ་བའི་རྣམ་པ་གཉིས་ཀྱི་དབར་ལ་དོ་སྙོམས་ལེགས་པོ་ཞིག་ཡོང་བར་དཀའ་ངལ་གང་འཕྲད་པ་རྣམས་ངོ་སྤྲོད་ཞིབ་པར་མཛད།

དེ་བཞིན་མཉམ་འབྲེལ་དང་ས་གནས་ཀྱི་ཤེས་བྱའི་སྐོར་ལ། སློབ་དཔོན་སིན་ན་ཁེ་རག་ (Professor Sienna Craig) གིས་བོད་དང་བལ་ཡུལ་ནང་གི་སྔོ་སྨན་གྱི་ལས་གཞི་ཁ་ཤས་ངོ་སྤྲོད་གནང་སོང་། སློབ་དཔོན་སིན་ན་ཁེ་རག་ནི་ཌར་མོ་མཐོ་སློབ་ཀྱི་སློབ་དཔོན་གནང་བཞིན་པ་དང་འབྲོག་པ་ཞེས་པའི་རོགས་ཚོགས་དེ་འཛུགས་མཁན་གཅིག་རེད། ཁོང་གིས་སྲོལ་རྒྱུན་གྱི་སྨན་བཅོས་ལག་ལེན་དང་མཉམ་དུ་དེང་དུས་ཀྱི་སྨན་བཅོས་ཐོ་འགོད་དང་ཡིག་ཆ་གསོག་ཉར་གནང་ཐུབ་མཁན་གྱི་སྨན་ཁང་ཁག་ལ་རོགས་རམ་གནང་གི་ཡོད། གཞུང་དང་རྒྱལ་སྤྱིའི་ཚོགས་པ་ཁག་དང་། དེ་བཞིན་སྨན་པ་རྣམས་ཀྱིས་གོང་གི་འཛིན་སྐྱོང་ལག་བསྟར་བྱེད་མཁན་གྱི་སྨན་ཁང་རྣམས་ལ་དོ་སྣང་བྱེད་བཞིན་པར་བརྟེན། དེ་དག་ལ་དམིགས་བསལ་གྱི་རོགས་རམ་འཐོབ་ཀྱི་ཡོད།

བགྲོ་གླེང་གི་ནང་དོན་མཐའ་མ་ནི་ལག་ལེན་གྱི་ཤེས་ཡོན་པ་རྣམས་དང་ཞིབ་འཇུག་ལས་ཀའི་དབར་གྱི་འབྲེལ་བའི་སྐོར་ཡིན་པ་དང་། ཧྦར་ཇིན་ནའི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཡིན་པ་དང་ བོད་དང་ཧི་མ་ལ་ཡའི་དཔེ་མཛོད་ཀྱི་འགན་འཛིན་སློབ་དཔོན་ཌེ་པི་ཌེ་ཇར་མན་ནོ་མཆོག་ (Professor David Germano) གིས་ཤེས་བྱ་གསར་སྒྲུབ་དང་དར་སྤེལ་བྱེད་སྟངས་ཀྱི་ཐུན་མོང་གི་ལྟ་ཚུལ་ཐད་ལ་བསྐྱར་ཞིབ་བྱེད་དགོས་པའི་དྲན་སྐུལ་གནང་སོང་། ཁོང་གིས་ཤེས་ཡོན་གྱི་ཚོགས་པ་དེ་ཚོའི་ནང་ལ་ཤེས་ཡོན་དར་སྤེལ་གཏོང་སྟངས་ཐད་ལ་བསྐྱར་ཞིབ་བྱེད་དགོས་པའི་རེ་འདུན་གནང་བ་དང་དུས་མཚུངས་མ་འོངས་པར་བཀོལ་སྲིད་པའི་ཐབས་ཤེས་གསར་པ་འགའ་ཤས་ཡང་བསྟན་གནང་སོང་། ཞིབ་འཇུག་གི་ལས་ཀ་བྱེད་མཁན་ཤེས་ཡོན་ཅན་རྣམས་ལ་མཚོན་ན། རང་ཉིད་ཀྱི་ཤེས་ཡོན་དང་རང་གི་ལས་ཀ་གཉིས་ཀྱི་དབར་ལ་གནས་བབ་འཚམ་པོ་མེད་པ་དེ་དཀའ་ངལ་གཙོ་བོ་གཅིག་རེད། སྤྱིར་སློབ་གྲྭའི་ཚན་ཁག་ནང་ལ། ཞིབ་འཇུག་བྱ་ཡུལ་གྱི་ནང་དོན་དེ་དང་ཞིབ་འཇུག་པ་ཚོའི་ལས་ཀའི་གནས་བབ་དེ་འབྲེལ་བ་དམ་པོ་ཡོད་མོད། འོན་ཀྱང་། ལས་གཞི་བྱེ་བྲག་པ་ཞིག་ལ་འཇུག་པའི་ཞིབ་འཇུག་གི་ལས་ཀ་དེ་རྒྱུན་དུ་”ཞབས་ཞུའི་”ལས་ཀ་ཅེས་གནས་རིམ་དམའ་པོར་ངོས་འཛིན་བྱེད། རྒྱུ་མཚན་ནི་ཞབས་ཞུའི་ཞིབ་འཇུག་གི་ཁྱབ་ཚད་དེ་ཤིན་དུ་ཆུང་ཆུང་ཡིན་པས་སོ།  སློབ་དཔོན་ཇར་མན་ནོ་མཆོག་གིས་མཐའ་མ་མཇུག་སྡོམ་སྐྱོན་དོན། སློབ་གྲྭའི་ཚན་ཁག་ཚང་མས་ཞབས་ཞུའི་ལས་ཀ་སྒྲུབ་མཁན་གྱི་ཤེས་ཡོན་མི་སྣ་རྣམས་ལ་ཞིབ་འཇུག་དང་སློབ་ཁྲིད་ཀྱི་བྱ་བ་སྒྲུབ་མཁན་གྱི་ཤེས་ཡོན་པ་དང་གནས་བབ་གཅིག་མཚུངས་ཡིན་པའི་འདུ་ཤེས་འཇོག་དགོས་པ་འདི་གལ་ཆེའོ་ཞེས་ནན་བཤད་གནང་།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་པད་མ་འབུམ་ལགས་དང་། དཔེ་མཛོད་དོ་དམ་པ་ཁེ་རི་སི་ཊིན་ཌེ་ལ་ཀོ་ (Kristina Dy-Liacco) གཉིས་ཀྱིས་”བོད་རིག་པའི་དཔེ་མཛོད་དང་ཡིག་ཚགས་ཀྱི་རྒྱུ་ཆ། ས་གནས་ཀྱི་གནས་སྟངས་དང་དགོས་མཁོ་ཁག་ལ་དཔྱད་བསྡུར་བྱེད་པ།”ཞེས་པའི་བགྲོ་གླེང་ཚོགས་ཆུང་ལ་ཞུགས་ཡོད། ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གི་སུ་སན་མེན་ཧེ་ཊི་མཆོག་ (Susan Meinheit) དང་ཀོ་ལོམ་སྦི་ཡ་སློབ་ཆེན་གྱི་བོད་རིག་པའི་དཔེ་མཛོད་དོ་དམ་པ་ལོ་རེན་ཧར་ལི་གཉིས་ཀྱིས་བགྲོ་གླེང་གཙོ་སྐྱོང་མཛད། ཁོང་རྣམས་ཀྱིས་དཔེ་མཛོད་ནང་ལ་བཞུགས་པའི་སྲོལ་རྒྱུན་གྱི་དཔེ་དེབ་ཁག་དང་དེང་དུས་ཀྱི་གློག་རྡུལ་གྱི་རྒྱུ་ཆ་རྣམས་བདག་གཅེས་བྱེད་སྟངས་སྐོར་ལ་བགྲོ་གླེང་མཛད་ནས། བྱ་བ་འདི་དག་ལ་གོང་འཕེལ་གང་ཕྱིན་ཡོད་པ་དང་། ད་དུང་དཀའ་ངལ་གང་ལྷག་ཡོད་པའི་སྐོར་ལ་དཔྱད་ཞིབ་ལེགས་པར་མཛད། ད་དུང་བགྲོ་གླེང་འདིའི་ཐོག་ལ་འབྱུང་འགྱུར་གྱི་བོད་རིག་པའི་དཔེ་མཛོད་ཆེད་ལས་པ་དང་དཔེ་དེབ་ལ་བདག་གཉེར་བྱེད་མཁན་གྱི་མི་སྣ་སྐྱེ་བསྲིང་བྱས་ནས་གཞི་རྒྱ་ཆེ་བའི་ཕྱིའི་ཤེས་ཡོན་གྱི་སྡེ་ཁག་དང་མཉམ་འབྲེལ་བྱེད་དགོས་པའི་བསམ་འཆར་བཏོན་ཡོད། བགྲོ་གླེང་ལ་ཞུགས་མཁན་རྣམས་ནས། བོད་ཡིག་གི་རྒྱུ་ཆ་འཚོལ་ཞིབ་དང་བེད་སྤྱོད་བྱེད་པར་འཕྲད་པའི་དཀའ་ངལ་དང་གནད་དོན་རྣམས་ལ་བོད་རིག་པའི་མཁས་དབང་རྣམས་ཀྱིས་དགོངས་འཆར་འདོན་ཐུབ་ན་ཕན་ཐོག་ཆེན་པོ་ཡོད་པར་ངོས་འཛིན་གནང་།

ད་དུང་ལ་རྩེ་དཔེ་མཛོད་ཀྱི་ལས་བྱེད་པ་ཚོས། “གྲངས་མཛོད་དང་དམིགས་བསལ་གསོག་ཉར།”ཅེས་པའི་ཕྱི་དྲོའི་བགྲོ་གླེང་ལ་ཞུགས་ཡོད། ཚོགས་ཆུང་འདི་ནི་དམིགས་བསལ་གསོག་ཉར་བྱས་པའི་དཔེ་དེབ་ཀྱི་རིགས་དང་། དྲ་རྒྱའི་སྟེང་གྲངས་མཛོད་ཀྱི་ཐོག་ལ་གསོག་ཉར་བྱས་པའི་རྒྱུ་ཆ་ཁག་གི་སྐོར་ལ་བགྲོ་གླེང་གནང་ཡོད། དེའི་ནང་ལ་ཞུགས་མཁན་དཔེ་མཛོད་དང་ཚོགས་པ་དྲུག་ཙམ་ཡོད། ལ་རྩེ་དཔེ་མཛོད་ཀྱིས་བགྲོ་གླེང་འདིའི་ཐོག་མའི་གཏམ་བཤད་དབུ་བཙུགས་ནས། ཚོགས་པ་འདིའི་དམིགས་བསལ་དཔེ་དཀོན་གསོག་ཉར་ཀྱི་སྐོར་ལ་གསུང་བཤད་གནང་། དེ་བཞིན་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་འགན་འཛིན་སྐུ་ཞབས་ཇེ་ཧྥི་ཝལ་མན་ (Jeff Wallman) གྱིས་བོད་ཀྱི་ནང་བསྟན་ལྟེ་གནས་ཀྱི་ལས་གཞི་ཁག་ངོ་སྤྲོད་གནང་བ་དང་། དེ་བཞིན་ཁོང་ཚོས་ཞིབ་འཇུག་བགྱིད་བཞིན་པའི་འོད་རིག་ཡིག་རྟགས་ཀློག་ཆས་ཀྱི་སྐོར་ལ་ངོ་སྤྲོད་གནང་། བོད་རིག་པའི་ཡིག་ཚགས་རྒྱུ་ཆ་ཁག་འཚོལ་ཞིབ་དང་ལག་སོན་ཡོང་བར་ཕན་པ་ཡོང་ཆེད། བགྲོ་གླེང་བ་རྣམས་ཀྱིས་མཁས་དབང་རྣམས་ལ་ཚོགས་པ་ཁག་གི་དྲ་རྒྱའི་སྟེང་ནས་དཔེ་ཆ་འཚོལ་ཞིབ་བྱེད་པའི་སྐབས་སུ་དཀའ་ངལ་ཅི་འཕྲད་པ་དང་། ད་དུང་ཐག་གཅོད་མ་ཐུབ་པའི་གནད་དོན་ཇི་ཡོད་ད་རེས་ཚོགས་འདུའི་ཐོག་ལ་གྲོས་བསྡུར་ལྷུག་པོར་གནང་ཐུབ་ན་དགེ་མཚན་ཡོད་པར་ཞུ་སྐུལ་མཛད།

ཚོགས་འདུ་འདི་མཇུག་སྒྲིལ་བར་ཉེ་བའི་སྐབས་སུ། ཚོགས་ཞུགས་པ་རྣམས་ཀྱིས་རང་མོས་ལྟར་ཚོ་ཁག་ཆུང་ཆུང་ལ་བགོས་ནས། གྲོང་ཁྱེར་དེ་གའི་ཟ་ཁང་དང་ཆང་ཁང་སོགས་ལ་མཉམ་དུ་ཕེབས་ནས། མཚན་མོ་ཕྱི་པོའི་བར་ལ་མུ་མཐུད་བགྲོ་གླེང་གནང་བ་ཡང་མཐོང་རྒྱུ་འདུག ཤེས་ཡོན་སྡེ་པ་འདིའི་ཚོགས་མི་དང་ལས་རོགས་རྣམ་པའི་མཉམ་དུ་ལས་ཀའི་ཉམས་མྱོང་དང་དཀའ་ངལ་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་པ་བརྒྱུད། ཚོགས་ཞུགས་པ་རྣམས་ལ་བོད་རིག་པའི་ཞིབ་འཇུག་ཚན་པ་དང་ཆེད་ལས་པ་མི་འདྲ་བའི་དབར་ལ་གོ་རྟོགས་གསར་པ་དང་ཕན་ཚུན་བློ་ཐག་ཉེ་རུ་ཕྱིན་པའི་ཚོར་སྣང་སྦྱིན། མཐའ་དོན་ཚོགས་འདུ་འདི་བརྒྱུད་ནས། རང་ཉིད་ལ་བསམ་བློ་གསར་པ་དང་རང་གི་དམིགས་ཡུལ་གསལ་རུ་ཕྱིན་པའི་ངོས་འཛིན་བྱུང་བས། མགྱོགས་མྱུར་ལས་ཀར་ལོག་ཕྱིན་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འདུན་པ་དང་སེམས་ཤུགས་སྔར་བས་ལྷག་པ་ཞིག་བསླེབས་སོ།