You are here

༢༠༡༡-༢༠༡༢ལས་ཀའི་སྙན་ཞུ།

སྔོན་གྱི་ལོ་ངོ་མང་པོའི་རིང་ལས་བརྒལ་ཏེ། ༢༠༡༡-༢༠༡༢ལོ་ནི་དེ་ལས་ཀྱང་བསམ་་གཞིགས་ནན་མོ་གཏོང་བའི་ལོ་ཞིག་རེད། མི་མང་པོ་དང་རྩ་འཛུཊ་མང་པོ་ཞིག་ལོ་རྒྱུས་ཀྱི་རླབས་ཁུག་འདི་ལ་བརྒྱུད་བཞིན་པ་ལྟར། ང་ཚོ་ཡང་ད་དུང་དཔལ་འབྱོར་ཉམས་རྒུད་ཀྱི་རླབས་ཕྲན་དེ་མྱོང་བཞིན་
གནས། གནས་སྟངས་འདིས་ང་ཚོར་སྔོན་ལ་བསྒྲུབ་དགོས་པའི་བྱ་བ་ཁག་གང་ཡིན་མིན་སྐོར་དང་། ང་ཚོའི་ཐོན་ཁུངས་དེ་དག་བེད་སྤྱོད་ཚགས་ཚུད་ཤོས་ཡོང་ཐབས་དང་། དེ་བཞིན་ཤུགས་རྐྱེན་ཆེ་ཤོས་གཏོང་ཐབས་ཐད་ལ་བསམ་བློ་མ་བཏང་དཀའ་མེད་དུ་གྱུར། ང་ཚོ་གདམ་ཀ་ཁག་པོ་ཞིག་བྱེད་དགོས་བྱུང་རུང་། ང་ཚོར་གསལ་ཆ་ལྡན་པའི་དམིགས་འབེན་ཞིག་བརྙེད་སྟབས་དེས་ང་ཚོ་བོད་མི་དམངས་དང་མཉམ་དུ་ལོ་བཅུ་ཕྲག་གསུམ་པ་དེའི་ནང་ལ་བྱ་བ་སྒྲུབ་པར་འདྲེན་པར་ང་ལ་ཡིད་ཆེས་ཡོད།
རིག་གཞུང་ནི་མུ་མཐུད་དུ་ང་ཚོས་རྒྱབ་སྐྱོར་བྱ་ཡུལ་ཆེ་ཤོས་དེ་ཡིན་ལ། དེའི་ཁྲོད་རིག་གཞུང་གི་ཁྱབ་ཁོངས་ ནང་ལ་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་ལས་གལ་འགངས་ཆེ་བའི་བྱ་བ་གཞན་མཐོང་རྒྱུ་དཀོན། ༢༠༡༡ལོར། རྒྱལ་སྤྱིའི་ བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པར་རྒྱབ་སྐྱོར་བྱས། དེ་ནི་ལོ་བཅུ་ཕྲག་གཉིས་ཀྱི་རིང་ཐེངས་དང་པོར་ཚུགས་པ་དེ་ཡིན། དེས་འཛམ་གླིང་སྟེང་བོད་སྐད་ཡིག་ཐད་ལ་ཆེས་སྐད་གྲགས་ཆེ་བའི་མཁས་པ་དང་རྩོམ་པ་པོ་དྲུག་བཅུ་རེ་བཞི་མཉམ་དུ་འདུས་ནས་རྩོམ་རིག་གི་ཤུལ་བཞག་དང་རྩོམ་རིག་ནས་ཚིག་མཛོད་དང་བརྡ་སྤྲོད་རིག་པའི་ཐད་ཀྱི་བརྗོད་བྱའི་སྐོར་ལ་བགྲོ་གླེང་སྤེལ། ཚོགས་འདུ་དེ་ལས་ང་ཚོར་འཐོབ་པའི་ངོས་འཛིན་ནི་ཚོགས་ཞུགས་པ་ཚོ་ནང་བཞིན་སྣ་ཁ་མང་ལ། འབྲས་བུ་གཡུར་དུ་ ཟ་བ་ཞིག་སྟེ། དེ་ཡང་ང་ཚོས་ཚོགས་འདུའི་ཐོག་གི་རྩོམ་ཡིག་དེ་དག་གི་དེབ་ཕྲེང་དང་པོ་དེ་པར་སྐྲུན་གྱི་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། ལས་ཀ་འདིས་མ་འོངས་པར་ལོ་མང་པོའི་རིང་ལ་དོན་སྙིང་ལྡན་པའི་ཤུགས་རྐྱེན་ཐེབས་ཐུབ་པར་ང་ཚོར་ཡིད་ཆེས་ཡོད།
ང་ཚོས་སློབ་གསོ་ལ་རྒྱུན་རིང་པོའི་འགན་འཁུར་བཅངས་ནས། སློབ་གསོ་ནི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཀྱི་མིག་རྒྱང་རིང་བོའི་ཐབས་ཇུས་ཞིག་ཡིན་པར་ངོས་འཛིན་བྱེད། དེར་བརྟེན། ཕུལ་དུ་བྱུང་བའི་སློབ་མ༨༧༠ཡི་སློབ་ཡོན་རོགས་དངུལ་ལ་ཆོག་མཆན་སྤྲད་ཡོད། ༢༠༡༢ལོའི་ཟླ་༡༢པའི་ནང་། ང་ཚོས་མ་དངུལ་བསྡུ་སློང་གི་སྟེགས་བུ་GlobalGiving བརྒྱུད་ནས་ལས་འགུལ་ཞིག་སྤེལ་བ་སྟེ། དེའི་དམིགས་ཡུལ་ནི་ཆེད་ལས་མི་འདྲ་བའི་འབུམ་རམས་པ་དང་རབ་འབྱམས་པའི་བོད་རིགས་སློབ་མ་སུམ་ཅུའི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་འཚོལ་བའི་ཆེད་དུ་ཡིན། ཞལ་འདེབས་གནང་མཁན་གྱི་མི་སྣ་ཚོར་འདིར་ཐུགས་རྗེ་ཆེ་ཞུས་རྒྱུ་ཡིན། ཁྱེད་ཅག་གི་ཞལ་འདེབས་ནི་ཀུན་ཕན་ཐེབས་རྩར་མཚོན་ན་ཧ་ཅང་གིས་རིན་ཐང་ཆེ། སྲོལ་རྒྱུན་བོད་ཀྱི་གསོ་རིག་ཡར་རྒྱས་གཏོང་བའི་ལས་ཀ་ནས་བྱིས་པའི་སློབ་གསོའི་གླུ་དབྱངས་ཀྱི་ལས་གཞིའི་བར་ལ་མ་དངུལ་བཏང་ནས་ང་ཚོས་མུ་མཐུད་མི་དམངས་ཀྱི་འཚོ་བར་དོན་སྙིང་ལྡན་པའི་རོགས་དངུལ་སྤྲོད་བཞིན་ཡོད། ང་ཚོས་དེབ་རིགས་ལྔ་ལ་བསྡོམས་པའི་དཔར་གྲངས་ཁྲི་གཅིག་གི་པར་སྐྲུན་ལ་མ་དངུལ་བཏང་བ་ཡིན་ལ། དེ་དག་གི་བརྗོད་བྱ་ནི་སྲོལ་རྒྱུན་བོད་ཀྱི་གསོ་རིག་གི་གྲུབ་པ་ལུས་དང་། བོད་ཀྱི་སྙན་ངག ཁྲིམས་ལུགས། དངོས་ལུགས་དང་། དེ་བཞིན་མདོ་དབུས་མཐོ་སྒང་གི་སྲོག་ཆགས་ཀྱི་སྐོར་དག་ཡིན་ལ། པར་སྐྲུན་བྱས་རྗེས་ཚང་མ་སློབ་གྲྭ་ཁག་ལ་རིན་མེད་དུ་ཞལ་འདེབས་འབུལ་རྒྱུ་ཡིན།
ཐེབས་རྩ་ཚོགས་པའི་དམིགས་ཡུལ་ལེགས་པར་སྒྲུབ་ཆེད་ སྐུལ་འདེད་གཏོང་བའི་བྱེད་སྒོ་དང་ཚོགས་འདུ་བརྒྱུད་ནས་བོད་ཀྱི་རིག་གཞུང་དར་སྤེལ་གཏོང་བར་འབད་ཡོད་པ་སྟེ། ༢༠༡༡དང་༢༠༡༢ནང་ནེའུ་ཡོག་གྲོང་ཁྱེར་ལ་ཚོགས་འདུ་བཅོ་ལྔ་གོ་སྒྲིག་བྱས་པ་ལ་ཚོགས་ཞུགས་པ་བརྒྱ་ཕྲག་དུ་མ་ཕེབས་ཡོད། ང་ཚོས་རྒྱལ་སྤྱིའི་སྟེང་མིང་གྲགས་ཆེ་བའི་དངོས་ བྲིས་གློག་བརྙན་ཕབ་སྐྲུན་པ་པདྨ་ཚེ་བརྟན་མཆོག་གི་གཏམ་བཤད་ཕྲེང་བ་གོ་སྒྲིག་བྱས་པ་དང་ཁོང་གི་གློག་བརྙན་ཁག་སྟོན་པར་རོགས་སྐྱོར་བྱེད་ཐུབ་པར་དགའ་ཚོར་སྐྱེས། དེ་དག་བརྒྱུད་ནས་ཕྲ་ཞིང་ཚོར་བ་སྐྱེན་པའི་དེང་དུས་བོད་ནང་གི་འཚོ་བའི་རྒྱུད་རིམ་ཁག་བརྙན་གཟུགས་ལ་ཕབ་པའི་མཐུན་རྐྱེན་བྱས། དེ་བཞིན་བྱེད་སྒོ་གཞན་དག་དཔེར་ན་དེང་རབས་བོད་ཀྱི་སྒྱུ་རྩལ་ལས་འགུལ་གྱི་གནས་སྟངས་ལ་བགྲོ་གླེང་བྱེད་པའི་ཚོགས་འདུ་སྐོང་པ་ནས་མཐོ་སྒང་གི་རྩ་ཐང་གཏོར་བརླག་གི་ཚབས་ཆེ་བའི་ཤུགས་རྐྱེན་ལ་དཔྱད་པའི་ཚོགས་འདུ་ལ་སོགས་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད།
ང་ཚོའི་དཔེ་མཛོད་ལས་བྱེད་རྣམ་པའི་ལས་ཀ་དེ་ཚོར་ནམ་ཡང་རྫོགས་རྒྱུ་མེད་པ་སྟེ། ༢༠༡༡དང་༢༠༡༢ལོའི་ནང་ལ་ཁོང་ཚོས་ངལ་བ་འཛེམས་མེད་ཀྱིས་རྒྱུ་ཆ་གསར་པ་༡༧༠༠ལྷག་མཁོ་སྒྲུབ་བྱས་ནས། ༼དེའི་ནང་དཔེ་ཆ། བརྙན་གཟུགས། དུས་དེབ་སོགས་འདུས།༽ ལ་རྩེ་དཔེ་མཛོད་ཁང་དུ་ཁྱོན་བསྡོམས་ཀྱི་མཁོ་སྒྲུབ་རྒྱུ་ཆའི་གྲངས་འབོར་༡༨༠༠༠ལྷག་ཟིན་པ་བྱས་ཡོད། ཁོང་ཚོས་ད་ རུང་རིན་ཐང་བྲལ་བའི་སྒྲ་འཇུག་གྱི་རྒྱུ་ཆ་ཁག་དང་། ཆག་སྐྱོན་འབྱུང་སླ་བའི་དུས་དེབ་དང་ཚགས་པར་སོགས་གློག་རྡུལ་གྱི་དཔར་མ་བཟོས་པ་དང་། དེ་བཞིན་༢༠༡༡ལོར་བརྙན་པར་བརྒྱ་ཕྲག་དུ་མ་མཁོ་བསྡུ་བྱས་པ་དེ་དག་བརྙན་པར་ཡིག་ཚགས་བཟོས་ནས་མ་འོངས་པར་ང་ཚོའི་དྲ་རྒྱའི་ཐོག་ནས་བལྟ་ཐུབ་རྒྱུ་རེད། ༢༠༡༣ལོར། ཁྱེད་ཅག་གིས་ང་ཚོས་ལོ་བརྒྱད་རིང་བཟོ་སྐྲུན་བྱས་པའི་སྒྲ་བརྙན་ཐོག་ལ་ཕབ་པའི་ངག་རྒྱུན་ལོ་རྒྱུས་ཡིག་ཚགས་ལ་དོ་སྣང་གནང་རོགས། འདི་ནི་བོད་ཀྱི་མ་འོངས་བའི་མི་རབས་ལ་བཞག་པའི་བོད་ཀྱི་རིག་གཞུང་ཤུལ་བཞག་གི་ཡིག་ཚགས་ཡིན། འདིར་ངས་ང་ཚོའི་བྱིས་པའི་ལེ་ཚན་སྐོར་ལ་མ་གླེང་ཚེ་ཡང་བསྐྱར་བརྗེད་འགྲོ་ངེས། ད་ལོ་ནི་ལས་གཞི་དེའི་ལོ་དྲུག་པ་ཡིན་ལ། ལས་གཞི་འདིས་ས་གནས་ཀྱི་བྱིས་པ་ཚོ་རང་ཉིད་ཀྱི་ཕ་མེས་ཀྱི་རྒྱུད་པ་དང་འབྲེལ་བ་འཛུགས་པར་འབད་པ་བྱེད་བཞིན་ནོ།
༢༠༡༢ལོར། ང་ཚོས་གསར་དུ་ཇུས་འགོད་དང་བློས་བསླངས་བྱས་པའི་དྲ་ཚིགས་ཞིག་ཤར་གཏོང་བྱས་ཡོད་ལ། དེ་དབྱིན་བོད་རྒྱ་གསུམ་གྱི་སྐད་གང་རུང་ནང་གཟིགས་ཐུབ།། དྲ་རྒྱ་དེའི་བཟོ་ལྟ་གསར་བ་ཞིག་ཡིན་པ་མ་ཟད་དྲ་རྒྱའི་ཐོག་གི་ཆ་འཕྲིན་གྱི་རྒྱུ་ཆ་ཇེ་མང་དུ་བཏང་ཡོད། དེའི་ཐོག་ལ། ང་ཚོས་ཐོག་མའི་གློག་འཕྲིན་ཐོག་ལ་གསར་འཕྲིན་འདོན་སྤེལ་བྱས་པ་དང་། ཚོགས་པའི་ལས་རྟགས་གསར་པ་ངོ་སྤྲོད་བྱས་པ། དེ་བཞིན་ད་རུང་ང་ཚོའི་ཚོགས་པ་དེ་ལོ་འཁོར་བཅུ་ཕྲག་གསུམ་པའི་ནང་སྐྱོད་བཞིན་པའི་སྐབས་སུ། ང་ཚོའི་དམིགས་ཡུལ་གྱི་འཆར་སྣང་སྲ་བརྟན་དང་གསལ་རུ་བཏང་ཡོད། ལས་རྟགས་ཐོག་བོད་ཡིག་གི་ཡིག་གཟུགས་དེ་དབྱིན་ཡིག་གི་མདུན་དང་དཀྱིལ་ལ་བཞག་ནས་འཆར་འགོད་ཀྱི་མཛེས་ཆ་ཐོན་པ་དང་། ཡིག་གཟུགས་གཉིས་པོ་ཕན་ཚུན་སྦྲེལ་ནས་ལས་རྟགས་གསར་པ་དེས་རིག་གཞུང་མཉམ་ལས་ནི་ང་ཚོའི་མདོ་དབུས་མཐོ་སྒང་གི་ལས་ཀའི་སྙིང་བོ་ཡིན་པར་མཚོན་ནོ།
སྐབས་རེ་འདི་ལྟར་སེམས་ཏེ་ང་ཚོའི་ལས་ཀ་འདི་མདོ་དབུས་མཐོ་སྒང་ལ་རོགས་སྐྱོར་གྱི་ཐད་ནས་བཤད་ན་རྒྱ་མཚོའི་ནང་དུ་ཆུ་ཐིགས་ལྷུང་བ་ལྟ་བུ་ཞིག་ཡིན་སྙམ། འདི་བདེན་པ་ཡིན་མོད། ཕྱོགས་གཞན་ཞིག་ནས་བསམ་ཚེ། རྒྱུན་བརྟན་ལ་གནས་ངེས་པ་ཅན་དུ་བཞུར་བའི་རྒྱུག་ཆུའི་སྟོབས་ཤུགས་ནི་ཡུན་ཐུང་དྲག་ཆར་ལས་ལྷག་པས། དེ་བས་ང་ཚོས་ལོ་རྒྱུས་ཀྱི་དཀྱོགས་མཚམས་རང་བཞིན་ལྡན་པའི་༢༠༡༣ལ་གྲ་སྒྲིག་བྱེད་བཞིན་ཡོད། ལོ་འདི་ནི་ ཀུན་ཕན་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་འཁོར་ཉི་ཤུ་འཁོར་བ་དང་ལ་རྩེ་དཔེ་མཛོད་ཁང་གི་ལོ་འཁོར་བཅུ་པ་དེ་ཡིན ངས་ཁྱེད་ལ་སྙན་ཞུ་འདིའི་ནང་ཡོད་པའི་གཏམ་རྒྱུད་དང་། ལས་ཀ ཤུགས་རྐྱེན་བཅས་ཀྱི་སྐོར་ཁྱེད་ཚོ་དང་མཉམ་རོལ་བྱེད་པར་དགའ་སྤྲོ་དཔག་མེད་སྐྱེས་བཞིན་ཡོད།
འདས་ཟིན་པའི་ལོ་འཁོར་གཉིས་རིང་གི་ལས་ཀའི་གྲུབ་འབྲས་ལ་ང་རང་སྤོབས་པ་སྐྱེ་བ་དང་། ངས་ཁྱེད་ཅག་དང་ལྷན་དུ་མ་འོངས་པའི་ལོ་འཁོར་བཅུ་ཕྲག་འགའི་ནང་གི་འཆར་གཞི་འགོད་པར་རེ་སྒུག་བྱེད་བཞིན་ཡོད་དོ།
༢༠༡༢ལོར་ནེའུ་ཡོག་གྲོང་ཁྱེར་ནས་ཨན་ཌི་ཡ་སོ་་རོ་སིས་བྲིས།

Section: