You are here

ལྷ་ས་ནས་ཕེལ་ལེ་ཌལ་ཕེ་ཡའི་བར་ལ་ཁྱབ་པའི་བཀྲ་ཤིས་པའི་རྫས་རྟགས་

ད་ལོའི་ཕྱི་ཟླ་བཞི་པའི་སྨད་ཀྱི་ཞོགས་པའི་དུས་ཤིག་ཏུ། ལྗེམ་ཁཱ་ནར་རེ་(Jim Canary)ལགས་ཀྱིས་ཕེལ་ལེ་ཌལ་ཕེ་ཡར་ཡོད་པའི་བོད་ཀྱི་གཟའ་ཉི་མའི་སློབ་གྲྭ་ནས་ལྟ་སྐོར་དུ་ཐོན་པའི་ལང་ཚོས་དཔལ་གྱིས་བལྟམས་པའི་བོད་རིགས་སློབ་མ་སྐོར་ཞིག་ལ།“ཁྱོད་ལ་དྭངས་གཙང་གི་ཤོག་བུ་ཞིག་ཡོད་སྐབས་རང་ཉིད་ཀྱི་རིག་གནས་བྲིས་ཆོག་ལ། རང་ཉིད་ཀྱི་མ་འོངས་འབྱུང་འགྱུར་ཡང་བྲིས་ཆོག” ཞེས་བཀའ་མོལ་གནང་།

ཀུན་ཕན་ཐེབས་རྩ་ཚོགས་པའི་དཔེ་མཛོད་ཁང་དུ་ལུས་ལ་ཕུར་ཐུང་ལྗང་སྐྱ་གྱོན་པའི་བྱིས་པས་ཡོངས་སུ་ཁེངས་ཤིང་། ཁོ་ཚོའི་ལྭ་བའི་སྟེང་དུ་བོད་ཀྱི་དགོན་པ་དང་ཁྱིམ་ཚང་ཕལ་མོ་ཆེའི་ལྡེབས་ངོས་སུ་རྒྱུན་དུ་མཐོང་བའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ལས་དཔལ་བེའུ་ ཡི་རི་མོས་རྣམ་པར་བརྒྱན་ཡོད། བྱིས་པ་དེ་རྣམས་རང་ཉིད་ཀྱི་ཕ་མ་དང་བསྡོངས་ནས་དབྱིན་ལེ་གོ་དྲུག་གི་མཚམས་སུ་སླེབས་ནས་ང་ཚོ་དང་མཉམ་དུ་བོད་ཀྱི་ཤིང་བརྐོས་པར་འདེབས་ཀྱི་ཟབ་སྦྱོང་དུ་ཞུགས་ཤིང་། ཁོ་རང་ཚོ་སླེབས་པ་དང་མཉམ་དུ་མི་སེམས་རབ་ཏུ་སྒུལ་བའི་ བཀྲ་ཤིས་བདེ་ལེགས་ ཀྱི་ཁ་གཡང་སྙན་མོས་ཀུན་ཕན་ཐེབས་རྩ་ཚོགས་པའི་གྲུ་ཁ་ཡོངས་སུ་ཁེངས།

དཔེ་མཛོད་ཁང་གི་མདུན་ཕྱོགས་ཀྱིི་ཁང་པའི་ནང་དུ། ཞིབ་ཚགས་ལྡན་པའི་བོད་ཀྱི་ཤིང་བརྐོས་མང་པོ་བཤམས་ཡོད་ཅིང་། ཁ་ཤས་ནི་འགྱིག་ཐེལ་ནང་བཞིན་ཆུང་ལ། དེ་དག་གི་སྟེང་དུ་ ཆོས་འཁོར་ དང་ གསེར་ཉ།དུང་དཀར་གཡས་འཁྱིལ་ སོགས་བཀྲ་ཤིས་པའི་རི་མོ་མང་པོ་ཞིབ་ཅིང་ཕྲ་བར་བརྐོས་འདུག དེ་དག་ལས་ཆེ་བ་རྣམས་ཀྱི་སྟེང་དུ་ལོ་ངོ་མང་པོའི་སྣག་ཚའི་བྱུག་རིམ་གྱིས་ཁེབས་ཡོད་ཅིང་། འབད་འབུངས་བརྒྱ་ཕྲག་གིས་བརྐོས་པའི་བོད་ཡིག་གི་དབུ་ཅན་གྱི་ཡིག་ཕྲེང་རེ་རེས་སངས་རྒྱས་ཀྱི་མཛད་རྣམ་རེ་རེ་བཞིན་བརྗོད་ཡོད། དེ་མིན་སྤུ་ཤད་དང་གཟུང་བུ་སྣ་ཚོགས། བརྡར་རས། འགྲིལ་འཁོར་སོགས་ཀྱང་དེ་རུ་ལེགས་པོར་བཤམས་ཡོད།

དེའི་འགྲམ་གྱི་དཔེ་ཀློག་ཁང་གི་མདུན་དུ། ཤོག་ལམ་མམ་བོད་ཅེས་པ་གསར་དུ་འཛུགས་མཁན་གྱི་གྲས་མིའམ་ཨེན་ལྡི་ཡན་ནྰ་སློབ་གྲྭ་ཆེན་མོའི་ལེ་ལེས་དཔེ་མཛོད་ཁང་གི་བདག་གཉེར་སྤྱི་དཔོན་ལྗེམ.ཁྰ་ནྰ་རེས་ལགས་ཀྱིས་བོད་ཀྱི་སྲོལ་རྒྱུན་ཤོག་བུའི་བཟོ་སྐྲུན་གྱི་གོ་རིམ་ངོ་སྤྲོད་བྱས། གོ་རིམ་དེ་ང་ཚོས་ཕྱི་ཟླ་བདུན་པར་སྤེལ་བའི་ཤོག་བུ་དང་སྣག་ཚ་ཞེས་པའི་བྱེད་སྒོའི་ཁྲོད་དུ་ཡང་ཁོང་གིས་ཞིབ་བརྗོད་གནང།

ལྗེམ་ལགས་ཀྱིས་ཤོག་བུ་བཟོ་སྐྲུན་གྱི་བརྒྱུད་རིམ་གསལ་བཤད་བྱས་ཚར་རྗེས། ཁོང་གིས་མདུན་གྱི་ཁང་པའི་ནང་གི་བཟོ་ཉམས་ཁྱད་དུ་འཕགས་པའི་ཤིང་བརྐོས་ཀྱི་སྐོར་གསུངས་བྱུང་། སྟག་པ་དང་སྟར་ཁའི་སྡོང་བོའི་རྒྱུ་ཆ་(ཤིང་འདིའི་རིགས་ཀྱི་སྲ་ཚད་མཐོ་བས་གས་ཆག་འབྱུང་མི་སླ།)བྱས་པའི་ཤིང་བརྐོས་འདི་དག་ནི་བཟོ་རྩལ་ཧ་ཅང་མཐོ་བའི་ལག་རྩལ་ཐོན་དངོས་ཡིན། བོད་ཡིག་ནི ་ཧ་ཅང་ཅུང་ཞིང་ཞིབ་ཚགས་སུ་བྲིས་ཆོག་པས། ཆག་སྐྱོན་ཅི་ཡང་མེད་པར་ཤིང་བརྐོས་འདི་དག་བརྐོ་བ་ལ་ལག་རྩལ་ཁྱད་པར་ཅན་དགོས། ཤིང་རྐོ་བ་ཚོས་པར་མི་རྐོ་བའི་སྐབས་སུ། པང་ལེབ་ཀྱི་རྙི་ཚད་སྲུང་ནས་ཕྱིས་སུ་བཀོད་བར་གྲ་སྒྲིག་བྱེད་ཆེད་ཤིང་ལེབ་རྣམས་སྣུམ་གྱིས་སིམ་པའི་རས་ལེབ་ཀྱིས་བཏུམ་དགོས་པའི་རྒྱུ་མཚན་ཡང་ཡིན།

ཁོང་གིས་གསུངས་རྒྱུར།“བསམ་བློ་ཞིག་ཐོངས་དང་། ཁྱོད་ཀྱིས་པར་འདེབས་བྱེད་རྒྱུའི་དཔེ་དེབ་སོ་སོའི་ཤོག་ལྡེབ་རེ་རེ་ལ་དཔར་ཤིང་རེ་དགོས་པ་རེད། དེ་བས། གལ་ཏེ་ཁྱོད་ཀྱིས་བཀའ་འགྱུར་པར་དུ་འདེབས་པའི་དབང་དུ་བཏང་ན། དཔེ་དེབ་པོད་བརྒྱ་དང་བརྒྱད་པར་དུ་འདེབས་དགོས་ལ། དེ་ལ་ཤིང་ལེབ་མང་པོ་དགོས་པ་རེད།”

མཇུག་མཐའི་རིམ་པ་ནི་པར་དུ་འདེབས་རྒྱུ་དེ་ཡིན་པས། བྱིས་པ་རྣམས་ལ་དུས་ཡུན་ཐུང་ངུའི་ནང་དུ་རང་ཉིད་ཀྱིས་ལག་ལེན་དངོས་ཀྱིས་ཉམས་སུ་ལེན་པའི་གོ་སྐབས་རེ་ཡོད། ལྗེམ་ཁྰ་ནྰ་རེས་ལགས་ཀྱིས་དཔར་ཁང་ཞིག་ཏུ་བཀའ་འགྱུར་དང་བསྟན་འགྱུར་པར་དུ་འདེབས་བཞིན་པའི་བརྙན་རིས་ཤིག་བསྟན་བྱུང་། ཐོག་མར་ཁོ་ཚོས་ཤོག་བུ་བརླན་དགོས་པ་དང་། དེ་ནས་ཤོག་བུ་དེ་རྣམས་ཤོག་བུ་སྐམ་པོ་དག་གི་བར་དུ་བཅུག་ནས་མཚན་གཅིག་ལ་འཇོག་ཅིང་། དེ་ལྟར་བྱས་ན་ཤོག་བུའི་ནང་དུ་སྣག་ཚ་སིམ་སླ། ཤོག་བུའི་སྟེང་གི་བརླན་ཕྱིར་འབྱིན་པ་ལ་ཡང་ཤོག་བུ་དེ་ཤིང་ལེབ་ཀྱི་བར་དུ་བཅུག་ནས་མཚན་གཅིག་ལ་འཇོག་པ་རེད། མཐར་མར་པར་དུ་བཏབས་རྗེས་སུ་ཤོག་བུ་དེ་རྣམས་སྒྲོག་ཙེ་རིང་བོའི་སྟེང་དུ་བཀྲམས་ནས་ཤོག་ལྡེབ་རེ་རེ་བཞིན་གོ་རིམ་མ་ནོར་བར་བསྒྲིགས་བྱུང་།

ཁོང་གིས་དེ་ནི་བོད་ཀྱི་དཔེ་དེབ་བཟོ་སྐྲུན་གྱི་གོ་རིམ་རེད་ཅེས་གསུངས་བྱུང་།

བྱིས་པ་རྣམས་ཀྱི་དགོད་སྒྲ་དང་བསྡོངས་ནས་མདུན་གྱི་ཁང་པའི་ནང་དུ་སླེབས་པ་ན། ཁ་དབུགས་ཀྱི་ཁྲོད་དུ་སྣག་ཚའི་དྲི་ཞིམ་ཡོངས་སུ་འཐུལ་ཞིང་། འགྱིག་ཤོག་གིས་བཏུམས་པའི་སྒྲོག་ཙེ་རིང་བོ་ཞིག་གི་སྟེང་དུ་སྣག་བུམ་ཆུང་ངུ་དང་། འབྲད་གྲི ཐོམ་བུ། རྒྱུག་འགྲིལ། སྡེར་མ། པང་ལེབ། བོད་ལུགས་ཀྱི་ཤོག་བུ་སོགས་ག་ས་གང་དུ་བཀྲམ་ཡོད།

ལྗིམ་ལགས་ཀྱིས་པར་རྒྱག་ལུགས་སྐོར་བྱིས་པ་རྣམས་ལ་བསྟན་བྱུང་། སྡེར་མའི་ནང་གི་རྒྱུག་འགྲིལ་གྱི་སྟེང་དུ་སྣག་ཚ་བླུགས་རྗེས། ཁོས་ཤིང་རྐོས་ཆུང་ངུ་ཞིག་གི་སྟེང་དུ་སྣག་ཚ་བྱུགས་ཏེ་ཤོག་བུ་ཞིག་དེའི་སྟེང་དུ་ལེགས་པོར་བཀབས། དེ་ནས་ཐོམ་བུའི་ལྟག་ངོས་ཀྱིས་ཤོག་བུའི་སྟེང་དུ་རིམ་གྱིས་བྱིལ་བྱིལ་བྱས། དེ་ལྟར་ཐིག་ཕྲེང་རེ་རེར་ཡང་ཡང་བྱིལ་བྱིལ་བྱས་པས་སྣག་ཚ་ཤོག་བུའི་སྟེང་དུ་ཡུན་གྱིས་སིམ་ཡོང་། མཐར་ཁོ་རང་པར་ངོས་ལ་ཡིད་ཚིམ་པ་བྱུང་དུས་དེའི་སྟེང་གི་ཤོག་བུ་ཡར་བླངས་ནས་བྱིས་པ་དང་ཁྱིམ་བདག་རྣམས་ལ་བསྟན་བྱུང་།

ད་ནི་བྱིས་པ་རྣམས་ཀྱི་རིམ་པར་སླེབས་སོང་བས། ཁོ་ཚོ་སྒྲོག་ཙེའི་གམ་དུ་རུབ་ནས་གང་ནུས་ཀྱིས་མང་ཙམ་པར་དུ་འདེབས་པར་རེ་བ་བྱེད་ཀྱིན་འདུག ཐོག་མར་བཀྲ་ཤིས་རྟགས་བརྒྱད་སོགས་ཡོད་པའི་དཔར་ཤིང་ཆུང་བ་ནས་མགོ་བརྩམས་མོད། མཇུག་མཐར་ཁོ་ཚོས་ཤིང་བརྐོས་ཆེ་བ་དག་ལས་པར་ངོས་ཆེན་པོ་དཔར་གྱིན་འདུག

བྱིས་པ་ཆུང་ངུ་དག་གིས་ལག་པ་བཀྲུས་ནས་ཕྱི་ལོགས་སུ་ཀ་ར་གོ་སྲབ་ཟ་བཞིན་སིལ་ཁུ་འཐུང་བཞིན་ཡོད། སྐབས་དེར། ལོ་ན་བཅུ་ཁར་སོན་པའི་བྱིས་པ་ཚོས་རང་ཉིད་ཀྱི་ལུས་སྟེང་དུ་དཔར་བའི་རི་མོ་དག་གསོན་ཉམས་དོད་པོར་ཡོད་པ་མཐོང་། ཁོ་ཚོ་ཕྱིར་ལོག་པའི་དུས་ལ་སླེབས་ཙ་ན། ཁོ་ཚོས་ལག་པ་དང་ལག་ངར་ཡོངས་སུ་ཡིད་དུ་འོང་བའི་རི་མོས་ཁེངས་འདུག

ལྗིམ་ལགས་ཀྱིས་གད་མོ་དང་བཅས་ཁོ་ཚོས་འདི་དག་གསལ་བོར་ཤེས་རྒྱུ་དེ་ངས་བསམ་ན་དུས་ཀྱི་སྔ་གཞུག་ཙམ་ཡིན་སྙམ་ཞེས་གསུངས།

ཧྥེ་ལེ་སྒྲེལ་ཧྥེའི་བོད་མིའི་ལྷན་ཚོགས་ནི་ཕྱི་ལོ་༢༠༠༢ལོར་བཙུགས་ཤིང་། འདི་ནི་པིན་སི་ཧྥ་ནེའི་ཁུལ་དུ་ཡོད་པའི་བོད་རིགས་ཀྱི་ཁེ་གཉེར་མིན་པའི་ཚོགས་པ་ཞིག་ཡིན། ཚོགས་པ་འདིའི་དམིགས་ཡུལ་ནི་བོད་པའི་ཁོར་ཡུག་ཁྲོད་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་། སྲོལ་རྒྱུན། སྐད་ཆ་སོགས་ཁྱབ་བརྡལ་དང་འཕེལ་རྒྱས་གཏོང་རྒྱུ་དེ་རེད། ཚོགས་མིའི་གྲས་སུ་ལོ་ན་གཅིག་ནས་བརྒྱད་ཅུ་གྱ་གཉིས་བར་གྱི་མི་གྲངས་༡༥༠ཡོད། ང་ཚོ་ཟླ་རེར་ཐེངས་གཉིས་ལ་ལྷན་འཛོམས་བྱེད་ཀྱི་ཡོད་པ་མ་ཟད། ལོ་རེའི་ཧྥེ་ལེ་སྒྲེལ་ཧྥེའི་མི་རིགས་སྤྱི་ཚོགས་སུ་ཆེས་དོ་སྣང་བྱེད་པའི་དུས་ཆེན་དག་ལས། བོད་ཀྱི་སྲོལ་རྒྱུན་དུས་ཆེན་ཀྱི་བྱ་འགུལ་རྩ་འཛུགས་བྱེད་པ་ཡིན།

གཟའ་ཉི་མའི་སློབ་གྲྭ་གསར་འཛུགས་ལ་ཇུས་འདོན་བྱས་མྱོང་པའི་མཐོང་ཚོར་སྒྱུ་རྩལ་པ་ཨན་ནེ་ཐི་སེ་ཊིན་གྷི་ལན་ཟི་ལགས་ཀྱིས་“ང་ཚོའི་བོད་པའི་ཚོགས་པ་ནི་ཧ་ཅང་ལེགས་པའི་མི་སྐོར་ཞིག་ཡིན། དེ་ལས་ཀྱང་ཀུན་གྱིས་དོ་སྣང་བྱེད་དགོས་པ་ཞིག་ནི་ཁོ་ཚོས་རང་ཉིད་ཀྱི་བྱིས་པ་རྣམས་ལ་བྱམས་བརྩེ་དང་བརྩི་བཀུར་ཧ་ཅང་ཆེན་པོ་གནངས་ཡོད་པ་འདི་རེད།”ཅེས་གསུངས་བྱུང་།


ཀུན་ཕན་ཐེབས་རྩ་ཚོགས་པས་ཧྥེ་ལེ་སྒྲེལ་ཧྥེའི་བོད་ཀྱི་གཟའ་ཉི་མའི་སློབ་གྲྭ་འདི་ང་ཚོའི་སྤྱི་ཕན་ལས་རྣམ་གྱི་གྲས་སུ་བླངས་ནས་གཙོ་སྐྱོང་བྱེད་ཐུབ་པར་དགའ་བ་འབུམ་གྱིས་ཁེངས་ཡོད་ཅིང་། ཁྱེད་རང་གིས་མི་ཚོགས་རྩ་འཛུགས་བྱས་ནས་ངེད་ཚོགས་པ་དང་སློབ་གྲྭར་གཟིགས་མོལ་ཡོང་འདོད་ན། གཤམ་གྱི་ཡིག་སྒམ་info@latse.org དུ་ཡི་གེ་བསྐུར་རོགས་མཁྱེན།