You are here

རོལ་དབྱངས་ཀྱིས་ལྷ་ཚོགས་སྤྱན་འདྲེན་བྱེད་པ།
Michael Eigen

བླ་མ་ཕུན་ཚོགས་དགེ་ལེགས་དང་མའེ་ཁཱལ་ མོན་ཧཱར་ཊི་ (Michael Monhart) གཉིས་ཀྱིས་སྤྱི་ཟླ་ ༦ པའི་ཚེས་ ༡༢ ཉིན་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་རོལ་མོའི་མཛད་སྒོ་ཞིག་གནང་བཞིན་པའི་སྐོར་ཤེས་རྟོགས་བྱུང་བ་ནི་རང་ཉིད་ཀྱི་བསོད་ནམས་ཀྱི་བགོ་སྐལ་ཞིག་རེད་ཨང་བསམ་བྱུང་། ཚོན་མདངས་རྣམ་པར་བཀྲ་ལ། ནག་ནོག་གི་དྲི་མས་མ་གོས་ཞིང་། མི་ཕྱེད་དད་པས་གཡོས་པའི་རོལ་མོའི་མཛད་སྒོའི་རྣམ་པས་དེ་ནི་འཁྲབ་སྟོན་ཙམ་མིན་པའི་མཆོད་པ་ཞིག་ཏུ་བསྒྱུར་བར་བྱས།

ཟངས་ཀྱི་དུང་ཆེན་རིང་པོའི་སྒྲ་དང་བཅས་འཁྲབ་སྟོན་གྱི་མགོ་བརྩམས་སོང་། དུང་ཆེན་དེ་དག་ནི་ནུབ་ཕྱོགས་པ་ཚོས་མཐོང་མྱོང་པའི་རྭ་དུང་ཐུང་ཐུང་དང་མི་འདྲ་བར། བཞུགས་སྟབས་སུ་མཆུ་འདབ་ལ་སྦྱར་ཏེ་བུས་ན། དུང་ཆེན་གྱི་རྩེ་མོ་ས་ལ་ཐུག་པ་དང་ཡང་ན་ས་ལ་ཐུག་མི་ཐུག་གི་རིང་ཚད་ཅན་གྱི་ཆོ་གའི་རོལ་ཆས་རིང་མོ་ཞིག་ཡིན་པར་བརྟེན། དེ་ནི་ནུབ་ཕྱོགས་སུ་དར་བའི་དུང་ཆེན་དུ་བཤད་ན་ལོག་འགྲེལ་ཞིག་ཏུ་འགྲོ་སྲིད། འདོན་དབྱངས་དང་འདྲ་བའི་དུང་ཆེན་གྱི་སྒྲ་དེ་ལྕི་ཞིང་། དེ་ནི་དབྱངས་གཅིག་ཡང་ནས་ཡང་དུ་བསྐྱར་བཟློས་བྱེད་ཀྱིན་ཡོད་པར་སྙམ་ནའང་། དོན་དུ་དུང་ཆེན་ནི་སྒྲ་དང་གདངས་ལ་ཞིབ་ཕྲའི་ཁྱད་པར་མང་བའི་འབུད་ཆས་ཤིག་རེད། ཉིན་དེའི་འཁྲབ་སྟོན་གྱི་རོལ་ཆས་གཉིས་པ་ནི་རྒྱ་གླིང་རེད། རྒྱ་གླིང་ནི་ནུབ་ཕྱོགས་ཀྱི་ཨོ་སྦའོ་ (oboe) ཞེས་ཟེར་བའི་རོལ་ཆས་དེ་དང་འདྲ་ཞིང་། གླིང་བུ་ཞེས་ཀྱང་འབོད་པའི་འབུད་ཆས་ཀྱི་རིགས་ཤིག་རེད། རྒྱ་གླིང་གིས་རྣ་ལམ་དུ་ཟུག་འོང་བའི་སྒྲ་མཐོ་ཞིང་རིང་ལ། གཉིད་ལས་གློ་བུར་དུ་དཀྲོགས་པར་བྱེད་པའི་སྒྲ་མཐོ་ཤས་ཆེ་བ་ཞིག་འབྱིན་ཞིང་། ཐོག་མར་བདག་གིས་དེས་རྣ་ལ་གཙེས་པར་འགྱུར་རྒྱུ་རེད་བསམ་མོད། ཡིན་ནའང་དེ་ནི་དྭངས་ཞིང་གསལ་ལ། ཤིན་ཏུ་ནས་ཡིད་དུ་འོང་ཞིང་སྤྲོ་སེམས་འཁོལ་བར་བྱེད་པ་ཞིག་རེད། རྒྱ་གླིང་གི་སྒྲ་ལ་ཉན་པ་ན། ངའི་སེམས་སུ་ལོ་ཆུང་བྱིས་པའི་སྐད་སྒྲ་དང་ངག་གི་གྲེ་འགྱུར་མཐོ་བའི་བྱེའུ་སྐད་ལྷང་ལྷང་དུ་དྲན་ཞིང་། བྲང་ཁོངས་ཧྲིལ་བོ་རྒྱ་གླིང་གི་བྲག་ཆས་ཁྱབ། དུང་ཆེན་གྱི་སྐད་ནི་ངའི་ལུས་པོའི་ཟབ་ས་ཞིག་དང་ཡང་ན་ལུས་པོ་ལས་ཀྱང་ཟབ་ས་ཞིག་ཏུ་ཁྱབ་པར་གྱུར།

ང་ཚོས་བོད་ཀྱི་ཆོ་གའི་རོལ་མོ་རུ་དབྱངས་ཡིག་གཅིག་ནི་གདངས་ཀྱི་འགྱུར་ཁུག་གཅིག་དང་གདངས་འགྲོས་གཅིག ཡང་ན་གདངས་ཀྱི་འདེགས་འཇོག་གི་རྒྱུན་ལྟ་བུ་ཞིག་ཏུ་གོ་དགོས་པ་ཤེས་ཞིང་། གནས་ཚུལ་འདི་ཐོས་མ་ཐག་ཏུ་ངའི་སེམས་སུ་བྱ་བྱེའུས་བསྐྱར་བཟློས་ཡང་བཟློས་ཀྱིས་སྒྲོག་པའི་ཅོ་ཀའི་ཁྲོད་ཀྱི་སྒྲའི་ཕྲེང་བ་དེ་དག་འཁོར་ཏུ་བཅུག་པ་མ་ཟད། འཇོན་ ཌེ་ཝེ་ (John Dewey) དང་ ཨཱལ་ཕི་ཌི་ ཎོར་ཐི་ ཝེ་ཊི་ཧེ་ཌི་ (Alfred North Whitehead) གཉིས་ཀྱི་མཛེས་དཔྱོད་དང་དུས་ཀྱི་མྱོང་ཚོར་གྱི་འགྲེལ་བཤད་དེ། སྒྱུ་རྩལ་གྱི་བརྩམས་ཆོས་ཞིག་ལ་མིག་གིས་ལོངས་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ལུས་སེམས་ཀྱི་མྱོང་ཚོར་གྱི་རྒྱུན་དང་། ཡང་ན་སེམས་ཚོར་གྱི་གནས་སྐབས་དམིགས་བསལ་ཞིག་དང་ཉམས་མྱོང་གི་དཀྱོགས་ཞིག་བརྒྱུད་པ་ལས་དུས་ཀྱི་འཁོར་འགྲོས་ཁོ་ན་བརྒྱུད་པ་མིན་ཞེས་པ་དེ་ལ་བསམ་གཞིགས་གཏོང་དུ་བཅུག་བྱུང་།

འཁྲབ་སྟོན་མཐའ་མ་དེར། བླ་མ་ཕུན་ཚོགས་ཀྱིས་འདོན་པ་དབྱངས་སུ་གྱེར་ཏེ་སྦུབ་ཆ་དཀྲོལ་ཞིང་། མའེ་ཁཱལ་གྱིས་རྔ་བརྡུངས། འདོན་པའི་སྒྲ་ལྕི་ཞིང་སྦུབ་ཆའི་དཀྲོལ་སྒྲ་ནི་ཡང་ཞིང་ལྷོད་པའི་ངང་རྣ་ལམ་དུ་ཚོར་ཙམ་བྱེད་པའི་རྡེབ་སྒྲ་ཞིག་དང་མཉམ་དུ་གྲགས་འོངས་པ་དེས་ངའི་ལུས་པོ་ཡོངས་སུ་ཚ་འདར་བརྒྱག་ཏུ་བཅུག དྲི་བ་དྲིས་ལན་དང་བཅར་འདྲི་བརྒྱུད་དེ་གནས་ཚུལ་མང་པོ་ཞིག་ཕྱིར་མངོན་པར་གྱུར། འཁྲབ་སྟོན་གྱི་སྐབས་སུ་བླ་མ་ཕུན་ཚོགས་ལ་ཚོར་སྣང་ཅི་ཞིག་བྱུང་བའི་སྐོར་དྲིས་པ་ན། ཁོང་གིས་དེའི་ལན་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་དགྱེས་པའི་རོལ་མོའི་མཆོད་པ་ཕུལ་བ་ཡིན་ཞེས་ལག་པ་རྣ་ལམ་དུ་འཁྱེར་ཏེ། དེ་ནི་སྙན་དབང་གསོ་བའི་རོལ་མོའི་བདུད་རྩི་ཞིག་ཡིན་པའི་རྣམ་པ་བསྟན། ཁོང་གིས་རོལ་མོ་འབུད་དཀྲོལ་གྱི་སྐབས་སུ། ལྷ་དང་ལྷའི་འཁོར་དང་བཅས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་སེམས་སུ་སྒོམ་སྟེ། རོལ་མོ་འདི་དག་གིས་ཁོང་རྣམས་ཅི་ཙམ་དགྱེས་པར་འགྱུར་བ་སེམས་ལ་དྲན་པར་བྱས་པ་ཡིན་ཟེར། བོད་ཀྱི་ནང་ཆོས་ལས་བཤད་པའི་སྐྱེ་འཆིའི་བར་རོལ་གྱི་དུས་སྐབས་ཏེ། བར་དོ་ཡི་སྐོར་དྲིས་པ་ན། ཁོང་གིས་རོལ་མོ་ནི་དགེ་བ་ཚོགས་བསགས་ཀྱི་རྒྱུ་ཡིན་པ་མ་ཟད། ད་དུང་དེས་འཇིགས་པའང་སེལ་བར་བྱེད་པས། བར་དོ་རུ་ཞེད་སྣང་མི་འབྱུང་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱི་གསུང་མགུར་ཐོས་ཐུབ་པར་འགྱུར་བའི་སྐོར་གསུངས།

བླ་མ་ཕུན་ཚོགས་ཀྱིས་ཆོས་ཀྱི་མཛད་སྒོ་དང་རྟེན་འབྲེལ་ཞུ་སྐབས་ཀྱི་རོལ་མོའི་སྤྱོད་སྒོ་སྟེ། དཔེར་ན། བླ་མ་རྩ་ཆེན་པོ་ཞིག་དགོན་པ་རུ་ཞབས་སོར་འཁོད་པའི་སྐབས་སུ་རོལ་མོའི་སྤྱོད་སྒོ་ཅི་འདྲ་ཞིག་ཡིན་པའི་སྐོར་གསུངས་པ་མ་ཟད། ད་དུང་རྒྱུན་སྤྱོད་ཀྱི་ཆོ་གའི་ཁྲོད་ཀྱི་རོལ་མོའི་བྱེད་ནུས་ཀྱང་གསུངས། མི་ཞིག་གིས་བླ་མ་ཕུན་ཚོགས་ལ་ཁོང་གིས་ཆོ་གའི་རོལ་དབྱངས་གསར་བ་དེ་འདྲ་བརྩམས་མྱོང་ཡོད་མེད་ཀྱི་དྲི་བ་དྲིས་པར། དེའི་ལན་དུ་ཁོང་གིས་གསར་རྩོམ་བྱས་མ་མྱོང་པར་སྲོལ་རྒྱུན་གྱི་རོལ་མོ་དཀྲོལ་རྡུང་བྱས་པ་ཡིན་ཟེར། ཕྱི་དྲོ་དེ་ཧྲིལ་བོར་ཁོང་གིས་རོལ་མོ་གཞི་རྩར་བཟུང་ནས་གསུང་བཤད་གནངས་ཤིང་། རོལ་ཆས་རིགས་གཅིག་གི་མཆེད་ཁུངས་ནི་རྒྱ་གར་ཡིན་ནམ་ཡང་ན་རྒྱ་ནག་ཡིན་པའི་ཐད་ནས་རྩོད་པ་ཕྲན་བུ་བྱུང་། བླ་མ་ཕུན་ཚོགས་ཀྱིས་རྒྱ་ནག་རེད་བསམ་ཞིང་། ཚོགས་ཞུགས་པའི་ཁྲོད་ཀྱི་མི་ཞིག་གིས་རྒྱ་གར་ཡིན་པའི་བསམ་ཚུལ་བཏོན་པར། བླ་མ་ཕུན་ཚོགས་ཀྱིས་ཕྱག་གཉིས་ཁོང་གི་དབུ་ཐོད་དུ་འཁྱེར་ཏེ། ཚོགས་ཁང་ནང་གི་རྩོད་པའི་སྐད་སྒྲ་ཞི་འཇམ་དུ་བཏང་།

ནུབ་ཕྱོགས་ཀྱི་རོལ་དབྱངས་ཕལ་ཆེ་བ་ནི་གདངས་ཧྲིལ་དང་ཡང་ན་གདངས་ཕྱེད་གཞིར་བཟུང་སྟེ། མངོན་པར་གཏན་འཁེལ་བའི་དབྱངས་ཚིག་གཅིག་རེའི་བར་ནས་གདངས་ཧྲིལ་བོ་དང་གདངས་ཕྱེད་ཀྱི་འདེགས་འཇོག་སྒྱུར་བ་ཞིག་ཡིན། འདེགས་འཇོག་འདི་བསྒྱུར་བར་གཱིལ་སན་ཌོ་ (glissandos) ཞེས་པའི་ལྡེམ་མྱུར་ཅན་གྱི་གདངས་འགྲོས་དང་ཡང་ན་རོལ་མོ་བ་ཞིག་གི་སེམས་ཚོར་གྱི་དབང་གིས་གདངས་འགྲོས་ཀྱི་གྲིམ་ལྷོད་ལ་འགྱུར་བ་ཕྲ་མོའི་སྒོ་ནས་སྟངས་འཛིན་བྱེད་པའི་ཐབས་ལམ་སྣ་ཚོགས་ཞིག་ཡོད། གློག་ཆས་ལས་ཐོན་པའི་རོལ་མོ་ཡིས་དབྱངས་འབྲུ་རེ་རེའི་བར་དུ་དབྱངས་ཀྱི་བར་སྟོང་ཞིག་ཕྱེ་བར་འགྱུར་ཞིང་། མཚམས་མཚམས་ལ་རོལ་ཆས་དཀྲོལ་མཁན་དང་ཡང་ན་དབྱངས་རྩོམ་མཁན་གྱིས་དབྱངས་ཚིག་གི་བར་ནས་དབྱངས་སྟོང་ཞིག་དྲངས་ཏེ། ཤུགས་བསྟན་དང་། རེ་སྟོང་། མཚར་སྣང་། ཞེད་མཚར། ལྐོག་གྱུར་དང་འཁོས་ཞན་བཅས་ཀྱི་ཚོར་སྣང་སྟེར་བའི་སྒྲ་འབྱིན་པར་བྱེད་མོད། ཡིན་ནའང་ང་ཚོས་ཉན་པའི་བོད་ཀྱི་རོལ་དབྱངས་ནི་དེ་ལས་ལྡོག་སྟེ། དེས་དབྱངས་ཚིག་རེ་རེའི་བར་སྐབས་དང་དབྱངས་སྟོང་དེ་དག་གལ་ཆེན་པོར་བཟུང་ནས། གཞན་ནས་ཐོབ་མི་སྲིད་པའི་ཉམས་མྱོང་ཞིག་གི་སྒོ་མོ་ཕྱེ་བར་འགྱུར། ང་ནི་དབྱངས་ཀྱི་རྩ་བ་ལྟ་བུ་དེ་དག་སིར་སྒྲ་སྣ་ཚོགས་དང་འདར་སྒྲ། སུག་སྒྲ་བཅས་ཀྱི་སྐྱེས་གནས་སུ་གྱུར་ཏེ་རྣམ་གཡེང་གི་དབང་དུ་སོང་བའི་ལུས་པོར་གྲིམ་ཤ་རྒྱས་སུ་འཇུག་པ་དེས་ངོ་མཚར་དུ་བཅུག མཚམས་མཚམས་ལ་ངའི་བསམ་པར་དེས་ནི་དད་པའི་སྐམ་ཁབ་ལྟ་བུ་ཞིག་བརྡབ་སྟེ་རང་ལུས་ལ་བསྐྱར་དུ་གྲིམ་ལྷོད་ཀྱི་སྙོམ་སྒྲིག་བྱས་པ་ཞིག་ཏུ་ཚོར་བྱུང་།

གཟའ་འཁོར་ཁ་ཤས་ཀྱི་སྔོན་ལ་སྟེས་དབང་ཞིག་གིས་རླུང་འཕྲིན་གྱི་ལེ་ཚན་ཞིག་ལ་ཉན་པའི་སྐབས་སུ། ཚན་རིག་པ་ཞིག་གིས་རྩིས་འཁོར་འཕྲུལ་ཆས་ལས་བཟོས་པའི་འཇིག་རྟེན་ཁམས་ཕྱི་ནང་གི་སྒྲ་ཡིན་ཟེར་བ་ཞིག་གོ་སོང་། དེ་ནི་(རྐང་གླིང་གི་) སྒྲ་མཐོན་པོ་ཞིག་དང་ལྷན་དུ་ (དུང་ཆེན་གྱི་) སྒྲ་དམའ་མོ་ཞིག་མཉམ་བསྲེས་བྱས་པའི་འདྲེས་སྦྱོར་གྱི་སྒྲའི་་རྣམ་པ་ཞིག་རེད། ངའི་སེམས་སུ་དེ་ནི་བོད་ཀྱི་ཆོལ་གའི་རོལ་དབྱངས་ལས་ཕྱུངས་ཏེ་བཏང་བ་ཞིག་མིན་ནམ་ཞེས་དང་། ཡང་ན་ཉིན་དེའི་སྟེས་དབང་ནི་ད་ལྟ་ང་ཚོས་ཉམས་སུ་མྱོང་བཞིན་པའི་བརྒྱུད་རིམ་གཏིང་ཟབ་མོ་འདིའི་ཆ་ཤས་ཤིག་མིན་ནམ་སྙམ་པའི་བསམ་བློ་འགོག་མེད་དུ་སྐྱེས། ལ་རྩེ་དཔེ་མཛོད་ཁང་དུ་ཚུགས་པའི་རོལ་མོའི་མཛད་སྒོ་འདི་ལས་ང་རང་དགའ་ཤོས་ཀྱི་ཚན་པ་ནི། དུང་ཆེན་དང་སྦུབ་ཆ། འདོན་དབྱངས་བཅས་རེད། ལྷག་པར་དུ་དུང་ཆེན་གྱི་སྒྲ་དེ་ངའི་ལུས་སེམས་སུ་བརྩེ་སེམས་ཀྱིས་བཀྲེས་ཤིང་གཟིར་བའི་གྲུ་ཟུར་ཆ་མེད་དག་ཏུ་ཁྱབ་སྟེ་བཀྲེས་གདུང་སེལ་བར་བྱས། རོལ་མོའི་སྒྲ་དེ་དག་ནི་བབས་བརླིང་དང་ལྐོག་གྱུར། རྣམ་པར་གྲོལ་བ་ཞིག་རེད་ལ། དེ་དག་ནི་བདག་ཉིད་ལས་འདས་པའི་སྒྲ་ལྟ་བུ་ཞིག་ཏུ་ཚོར་ནའང་། ལྕི་ཞིང་རྩིང་བའི་སྒྲ་དེས་དེ་ལས་ལྡོག་སྟེ་ངའི་སེམས་ཀྱི་སྨུག་ཀློང་སེལ་བར་བྱས།

སྤྱིར་བཏང་སྦུབ་ཆ་ལས་དྲིལ་སྒྲ་ལྟ་བུའི་སྒྲ་མཐོན་པོ་ཞིག་འབྱིན་མོད། ཡིན་ནའང་དེ་ནི་ལྷོད་འཇམ་གྱི་རོལ་ཆས་ཞིག་གི་རྣམ་པར་དཀྲོལ་ནས། འཇམ་མཉེན་ལྡན་པའི་སྒྲ་རླབས་ཐོན་པར་བྱས་ཏེ། སྒྲའི་རླབས་རྒྱུན་དུ་མཐོ་དམན་གྱི་འདེགས་འཇོག་བསྒྱུར་བ་དེས་ངའི་སྒལ་ཚིགས་དང་ནང་སྐྱི་ལ་ཟུག་ངུ་བྱིན།

བོད་ཀྱི་འདོན་དབྱངས་ནི་ངས་སྔར་ནས་གོ་མྱོང་ལ། དེ་ནི་ནམ་ཡང་སྙན་འཇེབས་ཡིད་དུ་འོང་ཞིང་དེ་ལས་ཀྱང་ལྷག་པ་ཞིག་རེད། དུང་ཆེན་སྔོན་ལ་བུས་ཏེ། འདོན་དབྱངས་རྗེས་ནས་གྱེར་ནའང་། དེ་གཉིས་ཀྱི་སྒྲ་ནི་ཕན་ཚུན་གཏིང་རིམ་ཞིག་ནས་ངོ་བོ་གཅིག་ཏུ་བསྲེས་པར་བྱེད། ཇི་མ་ཇི་བཞིན་དུ་ཉམས་སུ་མྱོང་བ་ནི་གཞན་དང་མི་འདྲ་བར་ནམ་ཡང་ཁྱད་དུ་འཕགས་པ་ཞིག་འདུག

ཕུན་ཚོགས་དགེ་ལེགས་ནི་དགུང་ལོ་བཅུ་གསུམ་གྱི་ཐོག་ནས་བོད་དུ་དགོན་པ་ཞིག་གི་ཆོས་སྒོར་ཞུགས། ཆོས་དང་རིག་གནས་སློབ་སྦྱོང་བྱེད་པའི་ཆེད་དུ་ཆུང་དུས་ནས་ཆོས་སྒོར་ཞུགས་པ་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་ཡིན་པ་གསལ་བོ་རེད། ཁོང་གིས་རོལ་མོའི་སློབ་སྦྱོང་ནི་ལོ་བཅུ་བདུན་ཡས་མས་ནས་མགོ་བརྩམས་ཏེ། ད་བར་དུ་ལོ་བཅུ་ཕྲག་ལྔ་ནས་དྲུག་གི་རིང་ལ་རྒྱུན་བསྐྱངས། ༡༩༥༩ ལོར་བླ་མ་རྒན་པ་འགའ་དང་མཉམ་དུ་ཁོང་བོད་དང་ཁ་བྲལ་ནས་བཙན་བྱོལ་དུ་ཕེབས་ཏེ། བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་ཌུའུ་རུ་གཞི་བཟུང་སྟེ། ད་སྐབས་གནས་དེའི་འཕགས་པ་ཤིང་ཀུན་ཏུ་ཡོད་པའི་བཀའ་བརྒྱུད་དགོན་པའི་དབུ་མཛད་གནང་མུས་ཡིན།

བླ་མ་ཕུན་ཚོགས་དགེ་ལེགས་དང་མའེ་ཁཱལ་ མོན་ཧཱར་ཊི་གཉིས་ཝ་ཤིན་ཊོན་སློབ་གྲྭ་ཆེན་མོ་རུ་མཇལ་འཕྲད་བྱུང་འདུག་ལ། བླ་མ་ཕུན་ཚོགས་དགེ་ལེགས་ཀྱིས་སློབ་གྲྭ་དེ་རུ་ལོ་གཉིས་ཀྱི་རིང་ལ་བོད་ཀྱི་ཆོ་གའི་རོལ་དབྱངས་སློབ་ཁྲིད་གནང་འདུག མའེ་ཁཱལ་གྱིས་སློབ་གྲྭ་དེ་རུ་མི་རིགས་འདྲ་མིན་གྱི་སྲོལ་རྒྱུན་རོལ་མོའི་སློབ་ཚན་ལས་བོད་དང་འཇར་པན་གྱི་ཆོ་གའི་རོལ་མོ་དམིགས་སུ་བཟུང་ནས་སློབ་གཉེར་བྱས་ཏེ། སྒྱུ་རྩལ་རབ་འབྱམས་པའི་སློབ་སྦྱོང་མཐར་ཕྱིན་པར་གྱུར། དེ་ནས་མའེ་ཁཱལ་གྱིས་ མའེ་ཁོ་རོ་ སོ་ཕི་ཊི་ (Microsoft) ཞེས་པའི་གློག་ཀླད་བཟོ་ལས་ཁང་གི་སྣ་འཛོམས་བརྒྱུད་ལམ་ཀྱི་ཤེས་རིག་སྡེ་ཚན་དུ་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་ཕྱག་ལས་གནང་སྟེ། ད་སྐབས་གྲོང་ཁྱེར་ནེའུ་ཡོག་གི་ཀོ་ལིམ་སྦི་ཡ་སློབ་གྲྭ་ཆེན་མོ་རུ་བོད་རིག་པའི་ཞིབ་འཇུག་ཁོངས་སུ་སྒྱུ་རྩལ་རབ་འབྱམས་པའི་སློབ་གཉེར་གནང་མུས་ཡིན།

ངོ་མཚར་ཆེ་བའི་ཕྱི་དྲོ་འདི་ཉིད་བླ་མ་ཕུན་ཚོགས་དགེ་ལེགས་དང་མའེ་ཁཱལ་ མོན་ཧཱར་ཊི་གཉིས་དང་མཇལ་བའི་སྒོ་ནས་ཕུན་སུམ་ཚོགས་པའི་ངང་དུ་མཇུག་བསྡུས་པ་ཡིན། བླ་མ་ཕུན་ཚོགས་དགེ་ལེགས་དང་ངེད་གཉིས་ཀྱི་བར་དུ་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་བྱུང་མོད། ཡིན་ནའང་ཁོང་གི་ཞི་དུལ་དང་དྲོད་འཇམ། སྒམ་ཉམས་ཀྱི་ཞལ་རས་ཀྱིས་ངའི་ལག་པ་དང་སྙིང་ཁོངས་དྲོད་ལམ་མེར་བཏང་། མའེ་ཁཱལ་དང་ལྷན་དུ་ཕྱི་དྲོ་དེའི་རོལ་མོའི་སྐོར་ལ་ཁ་བརྡ་ཐུང་ངུ་ཞིག་བྱས་ཏེ་རང་སེམས་ལ་སྤྲོ་བ་འཕེལ། ཁོང་ནི་ས་ཁི་སི་ཕོན་ (Saxphone) རོལ་ཆས་འབུད་མཁན་མཁས་ཅན་ཞིག་དང་། འཆར་ཡན་གྱིས་ཕྱུག་པའི་རང་རྐྱ་འཕེར་བའི་རོལ་མོ་བ་ཞིག ནང་ཆོས་ཀྱི་གསུང་རབ་ཡིག་སྒྱུར་བྱེད་པའི་ལས་ལ་གཞོལ་བའི་ལོ་ཙཱ་བ་ཞིག བོད་རིག་པར་ཞིབ་འཇུག་དཔྱིས་ཕྱིན་པ་བྱེད་མཁན་ཞིག་བཅས་རེད། ཉིན་དེར་བླ་མ་ཕུན་ཚོགས་དགེ་ལེགས་དང་མའེ་ཁཱལ་གཉིས་ཀྱིས་ང་ཚོར་ཅི་ཞིག་གསོལ་བསྩལ་གནང་བ་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་། ལྷ་ཚོགས་འཁོར་དང་བཅས་པ་དགྱེས་པའི་དཔལ་ལ་རོལ་དུ་འཇུག་པར་སོམ་ཉི་བྱེད་མི་དགོས་པ་ཞིག་བྱུང་།