You are here

བོད་ཀྱི་མ་འོངས་པའི་ངོ་བོ་དང་་སྲོལ་རྒྱུན།
Janet Gyatso

ཀུན་ཕན་ཐེབས་རྩ་ཚོགས་པས་ཁ་བྱང་དུ་ “དེང་གི་གོ་ལའི་སྤྱི་ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག” ཅེས་བཀོད་པའི་འཆད་ཁྲིད་བསྟར་མའི་ཚོགས་ཐེངས་དང་པོ་དེ་འཚོགས་རྗེས་མུ་མཐུད་དེ་འཆད་ཁྲིད་འཚོགས་ཤིང་། འཆད་ཁྲིད་བསྟར་མ་ཐེངས་ལྔ་པ་དེ་སྤྱི་ཟླ་༩ཚེས་༢༤དང་༢༥གཉིས་ཀྱི་རིང་ལ་འཚོགས། ཁ་བྱང་དུ་“རྟེན་འབྲེལ་རང་བཞིན་གྱི་སྣ་མང་ཅན་སྟེ། སྐད་ཡིག་དང་རིག་གནས། སྐྱེ་ཁམས་བཅས་དབར་གྱི་འབྲེལ་བ”ཞེས་བཀོད་པའི་ཉིན་གཉིས་རིང་གི་ཚོགས་འདུ་འདིའི་སྟེང་དུ། བོད་ཡུལ་མཐོ་སྒང་དང་འཛམ་གླིང་ཧྲིལ་བོའི་སྐད་བརྡ་སྣ་མང་ཅན་དང་སྐྱེ་དངོས་སྣ་མང་ཅན་གཉིས་དབར་གྱི་འབྲེལ་བའི་ཐད་སྔོག་འདོན་བྱས་ཡོད།

ཟླ་སྔོན་མའི་ནང་དུ། དེང་སང་བོད་མི་ཚོར་འཕྲད་བཞིན་པའི་གལ་གནད་ཆེ་ལ་རྙོག་དྲ་ཡང་ཆེ་བའི་གནད་དོན་ཁག་ལ་གདོང་ལེན་བྱེད་པའི་ཐད། ཀུན་ཕན་ཐེབས་རྩ་ཚོགས་པས་རང་ཉིད་ཀྱི་ལོ་རྒྱུས་ལས་བརྒལ་བའི་བྱ་གཞག་བསྒྲུབས་ཡོད། ད་ཐེངས་ཀྱི་རྟེན་འབྲེལ་རང་བཞིན་གྱི་སྣ་མང་ཅན་ཞེས་པའི་ཚོགས་འདུ་འདིའི་བགྲོ་གླེང་གི་ལྟེ་བར་གྱུར་བའི་རིག་གནས་ཀྱི་ངོ་བོ་དང་སྲོལ་རྒྱུན་གཉིས་ནི་ནམ་རྒྱུན་བོད་ཀྱི་འཇིག་རྟེན་འདི་འཇིག་བཞིན་པ་ལས་སྐྱོབ་བྱེད་ཅིག་ཏུ་མཐོང་གི་ཡོད། ཚོགས་འདུའི་སྟེང་དུ་གཙོ་བོ་སྣ་མང་ཅན་གྱི་རང་གྲུབ་ཀྱི་རིན་ཐང་སྟེ། ཁྱད་པར་དུ་སྐད་བརྡ་སྣ་མང་ཅན་དང་། འགྲོ་བ་མིའི་རིག་གནས་དང་སྐྱེ་དངོས་རིག་གནས་ཀྱི་སྣ་མང་ཅན་གཉིས་དབར་གྱི་འབྲེལ་བའི་ཐད་དམིགས་སུ་བཟུང་ཡོད། ཐོག་མར་ཡིན་ཤག་ཏུ་བཟུང་བ་ནི་སྣ་མང་ཅན་ནི་དོན་བཟང་ཞིག་ཡིན་པ་དེ་རེད། འོན་ཀྱང་།བགྲོ་གླེང་གི་འཕེལ་རིམ་དང་བསྟུན་ནས་སྣ་མང་ཅན་དང་ངོ་བོ། དེ་བཞིན་སྲོལ་རྒྱུན་བཅས་ཀྱི་ཐད་ལ་བསམ་བློ་གཏོང་ཕྱོགས་གཞན་པ་འགའ་རེ་ཡང་ཡོད་སྲིད་པ་ཡིན་པ་གསལ་བོར་གྱུར་ལ། བསམ་བློ་གཏོང་ཕྱོགས་འདི་དག་ལས་རེ་ཟུང་ནི་བོད་ཀྱི་སྐད་ཡིག་དང་རིག་གནས། དེ་བཞིན་སྐྱེ་དངོས་ཁྱབ་ཁོངས་བཅས་དར་རྒྱས་སུ་འགྲོ་བར་བྱེད་པའི་ལེགས་ཆ་འགའ་རེ་དང་ཆ་མི་མཐུན་པར་འགྱུར་བ་ཡང་ཡོང་སྲིད་པ་རེད།

བོད་རིག་པའི་ཁྱབ་ཁོངས་སུ་གཏན་ནས་མ་ཚུད་པའི་ཆེད་ལས་མཁས་པ་འགའ་རེ་ཕེབས་པ་ནི་དགེ་མཚན་བླ་ན་མེད་པ་ཞིག་ཏུ་གྱུར། ཁོང་ཚོས་འཛམ་གླིང་འདིའི་ཐོག་གི་སྐད་ཡིག་དང་རིག་གནས། སྐྱེ་དངོས་ཁྱབ་ཁོངས་བཅས་འཇིག་ཉེན་ལ་ཐུག་ཡོད་པའི་ཚོ་ཁག་གཞན་པ་ཁག་གི་ཐོག་ལ་དོ་སྣང་སླེབས་ཐབས་བྱེད་པར་ཕན་ནུས་ཆེན་པོ་ཐོན་གྱི་ཡོད། བོད་མི་ཚོས་གཞན་པའི་དཔེ་མཚོན་ལ་བལྟ་བ་བརྒྱུད་ཅི་ཞིག་སྦྱོང་ཐུབ་བམ། གཏམ་བཤད་མཁན་ཐོག་མ་ནི་མཁས་དབང་ལུའེ་སཱ་མཱ་ཧྥི་ཡིན་ཞིང་། ཁོང་ནི་“ཚེ་སྲོག་གི་དྲ་བའི”སྐྱེ་ཁམས་དང་རིག་གནས་སྣ་མང་ཅན་དར་སྤེལ་གཏོང་ཆེད་དུ་བསྒྲུབས་པའི་ཏཱ་ར་གླིང་ག་ཞེས་པའི་ཚོགས་པ་དེ་མཉམ་འཛུགས་བྱེད་མཁན་དང་ཚོགས་པ་དེའི་འགན་འཛིན་བཅས་ཡིན། མཁས་དབང་མཱ་ཧྥི་ལགས་ཀྱིས་ས་ཁུལ་ངེས་ཅན་ཞིག་ཏུ་སྐད་བརྡ་སྣ་མང་ཅན་ཇེ་ཉུང་དུ་ཕྱིན་པ་དང་རྩི་ཤིང་དང་སྲོག་ཆགས་སྣ་མང་ཅན་ཇེ་ཉུང་དུ་ཕྱིན་པ་གཉིས་ལྷན་དུ་སྦྱར་བའི་ཞིབ་འཇུག་གི་གྲུབ་འབྲས་ངོ་སྤྲོད་གནང་དོན། སྐད་ཡིག་དང་རང་བྱུང་ཁོར་ཡུག་གཉིས་དབར་གྱི་འབྲེལ་ཐག་ནི། ས་གནས་སྲོལ་རྒྱུན་གྱི་བློ་གྲོས་ལ་བརྟེན་ནས་ས་ཁུལ་དེར་འཚོ་བའི་སེམས་ཅན་ཡོངས་ལ་གཅེས་སྐྱོང་བྱེད་པ་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། འདི་ལྟ་བུའི་གཅེས་སྐྱོང་དང་སྲུང་སྐྱོབ་ཀྱི་ནུས་པ་ནི་རྩི་ཤིང་དང་སྲོག་ཆགས། དེ་བཞིན་ཁོང་ཚོའི་གོམས་གཤིས་བཅས་ལ་མིང་འདོགས་པ་དང་ཁོང་ཚོར་རྒྱུས་ལོན་བྱེད་པ་སོགས་བརྒྱུད་ནས་བྱུང་བ་རེད།

མཁས་དབང་མཱ་ཧྥི་ཡི་བརྗོད་དོན་དེ་ཝ་ཤིན་ཊོན་སློབ་གྲྭ་ཆེན་མོའི་མིའི་རིགས་རིག་པའི་སྡེ་ཁག་གི་བགྲེས་ཡོལ་སློབ་དཔོན་ཡུ་རྒྱེན་ཧུན་ལགས་ཀྱིས་ཀྱང་དམིགས་འདོན་བྱས་ཡོད། སློབ་དཔོན་ཧུན་ལགས་ཀྱིས་རྩོད་བསྡུར་དེ་འཛམ་གླིང་གི་རིག་གནས་དང་སྐད་བརྡ་སྣ་མང་ཅན་སྲུང་སྐྱོབ་བྱེད་པའི་ཕྱོགས་སུ་རྒྱ་བསྐྱེད་བཏང་། ཁོང་གིས་སའི་གོ་ལ་འདིའི་སྟེང་དུ་ཡོད་བསྡད་པའི་འཚོ་བ་སྐྱེལ་སྟངས་མི་འདྲ་བ་ཁག་ལ་རྒྱབ་སྐྱོར་བྱེད་པར་དགེ་མཚན་ཆེན་པོ་ལྡན་སྐོར་གསུངས། ཁོང་གིས་བལྟས་ན་དེ་ལྟར་བྱས་ན་ད་གཟོད་ང་ཚོས་འགྲོ་བ་མིའི་རང་གཤིས་སུ་གྲུབ་པའི་ནུས་པ་རྣམས་ལེགས་པར་རྟོགས་ནུས་སྙམ། སློབ་དཔོན་ཧུན་གྱིས་རང་ཉིད་སེལ་ཊཱལ་དང་ཛ་ཕོ་ཊེག དེ་བཞིན་དེ་མིན་གྱི་ཁུ་ལོམ་བྷི་ཡ་དབུས་མའི་གདོད་མའི་མི་རིགས་དང་ནུབ་བྱང་ཨ་མེ་རི་ཁའི་ཧུ་ནཱ་ཊི་ལིང་ཊི་མི་རིགས་ཀྱི་ཁྲོད་དུ་ཕེབས་པའི་ཉམས་མྱོང་ལ་ཞིབ་དཔྱོད་གནང་། ཁོང་གིས་བསྟན་དོན། སེལ་ཊཱལ་གྱི་སྐད་ཡིག་ཁྲོད་དུ་སྦྲང་མ་དང་ཤ་སྦྲང་། དེ་བཞིན་ཁོང་ཚོའི་ཚང་བཅས་ཀྱི་ཐད་ཀྱི་བརྡ་ཆད་ཁག་ནི་དེང་རབས་སྲོག་ཆགས་རིག་པའི་གཞུང་ལུགས་སུ་སྤྱོད་བཞིན་པའི་ཐ་སྙད་ཁག་ལས་ཀྱང་ཧ་ཅང་ཞིབ་ཅིང་ཕྲ་བ་ཡིན་པ་རེད། ཁོང་གིས་མེག་སི་ཁོའི་དབུས་ཁུལ་དུ་ཁོང་དང་མཉམ་དུ་ཕྱག་ལས་གནང་མྱོང་བའི་བུ་མོ་གཞོན་ནུ་མ་ཞིག་གིས་རང་ཉིད་ཀྱི་ས་ཁུལ་དུ་ཡོད་པའི་སྨན་རྩྭ་རིགས་མི་འདྲ་བ་བརྒྱ་ཕྲག་ཁ་ཤས་མིང་ནས་བཟུང་སྟེ་ངོས་འཛིན་བྱེད་ཐུབ་པའི་སྐོར་གྱི་གནས་ཚུལ་གསུངས་ཏེ་ཉན་མཁན་ཡོངས་རྫོགས་ཧ་ལས་སུ་བཅུག

ས་གནས་སྐད་ཡིག་དང་རིག་གནས་སྲུང་འཛིན་བྱེད་པར་སྐྱེ་ཁམས་རང་བཞིན་གྱི་རིན་ཐང་ཅི་ཞིག་ལྡན་སྐོར་རྩོད་བསྡུར་བྱེད་སྐབས་ད་དུང་ཡང་ལན་འདེབས་དགོས་པའི་དྲི་བ་མང་བོ་ཞིག་ལྷག་ཡོད་པ་རྟོགས། དཔེར་ན། སྲོལ་རྒྱུན་གྱི་བྱེད་ཐབས་དེ་ནུས་ལྡན་མིན་པའམང་ཡང་ན་ནོར་འཁྲུལ་ཡོད་པ་དང་གནོད་པ་ཡོད་པ་ལྟ་བུའི་གནད་དོན་ཡོད་ཚེ་ཅི་ཞིག་བྱའམ། ཁོར་ཡུག་གི་གྲུབ་ཆ་གང་ལས་གང་ཞིག་རྩ་ཆེན་དུ་འཛིན་དགོས་མིན་ཐད་རིག་གནས་ཚོ་ཁག་སྣ་ཚོགས་དབར་དུ་འགལ་ཟླ་ཡོད་ཚེ་ཅི་ཞིག་བྱའམ། གནས་བབས་འདི་ལྟ་བུ་དང་འཕྲད་ཚེ་ཚད་གཞི་གཞན་དག་ཡོད་ཚད་རྩིས་མེད་དུ་གཏོང་དགོས་ཏེ། གང་ཡིན་ཞེ་ན། གལ་སྲིད་སྲོལ་རྒྱུན་མི་འདྲ་བ་གཉིས་ཕན་ཚུན་འགལ་ཟླ་ཡིན་ཚེ་ང་ཚོས་འདི་དང་འདི་ལྟ་བུའི་སྲོལ་རྒྱུན་ནི་ནམ་ཡང་ཡང་དག་ཡིན་ནོ་ཞེས་ཟེར་ཐབས་བྲལ་བས་སོ༎ ཁྱད་པར་དུ་ཚོ་ཁག་མི་འདྲ་བ་སྣ་ཚོགས་དབར་དུ་འཚོ་བ་སྐྱེལ་སྟངས་ཅི་ཞིག་ནི་ལེགས་ཤོས་ཡིན་པའི་ཐད་ལྟ་ཚུལ་མི་མཐུན་པས། ས་གནས་ཀྱི་ཤེས་བྱ་ནི་རང་བཞིན་གྱིས་རིན་ཐང་དང་ལྡན་པ་ཡིན་ཞེས་པའི་ཤོད་སྟངས་འདི་འགྲོ་དཀའ་བ་ཞིག་རེད།

ས་གནས་སྲོལ་རྒྱུན་གྱི་རིན་ཐང་གིས་ཡིད་སེམས་འགུག་མི་ནུས་པའི་དཔེར་བརྗོད་ཡང་དག་པ་དང་འབུར་དུ་ཐོན་པ་ཞིག་ནི་ཀྲུང་གོའི་རྒྱལ་ཁབ་རེད། ཚོགས་འདུའི་གཏམ་བཤད་མཁན་གསུམ་པ་ནི་སྐུ་ཞབས་ཞུའུ་ཅན་ཁྲུའུ་རེད། སྐུ་ཞབས་ཞུའུ་ནི་འཛམ་གླིང་ཞིང་ནགས་ལེགས་སྤྱོད་ལྟེ་གནས་ཀྱི་ཚན་རིག་པ་དང་ས་གནས་འབྲེལ་མཐུད་པ་ཡིན་ལ། ཁོང་གིས་མིག་སྔར་ཁུན་མིང་རྩི་ཤིང་རིག་པའི་ཞིབ་འཇུག་གླིང་གི་སློབ་དཔོན་དང་སྐྱེ་དངོས་སྣ་མང་ཅན་དང་རང་སའི་ཤེས་བྱའི་ལྟེ་གནས་ཀྱི་ལག་བསྟར་འགན་འཛིན་བཅས་ཀྱི་འགན་བཞེས་ཀྱི་ཡོད། སློབ་དཔོན་ཞུའུ་ལགས་ཀྱིས་ཀྲུང་གོའི་ནུབ་བྱང་གི་ཡུན་ནན་ཞིང་ཆེན་དུ་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་ཐོག་ཏུ་ཕྱག་ལས་གནང་གི་ཡོད་ལ། ས་ཁུལ་འདིའི་ནང་དུ་བོད་ཀྱི་རིག་གནས་ཐོག་གི་གལ་ཆེན་ས་གནས་གཙོ་བོ་འགའ་རེ་འདུས་ཡོད། སློབ་དཔོན་ཞུའུ་ལགས་ཀྱིས་ཚོགས་འདུའི་དོ་སྣང་བོད་ཀྱི་སོ་ནམ་ལོ་ཐོའི་ཕྱོགས་སུ་བསྐོར་ཏེ་གོ་ལའི་ཚ་གྲང་འགྱུར་ལྡོག་གི་དབང་གིས་བོད་ཡུལ་མཐོ་སྒང་ལ་འཕྲད་བཞིན་པའི་དམིགས་བསལ་གྱི་ཉེན་ཁ་ཁག་གི་ཐོག་གསུང་བཤད་གནང་། བོད་ཡུལ་མཐོ་སྒང་ནི་གླིང་ཆེན་ཨེ་ཤ་ཡའི་ཆུ་ཆེན་གཙོ་བོ་ཁག་གི་མགོ་ཁུངས་ཡིན། གསུང་བཤད་མཁན་སྔོན་མ་ཁག་དང་འདྲ་བར་སློབ་དཔོན་ཞུའུ་ལགས་ཀྱིས་ཀྱང་ས་གནས་མིའི་འཇིག་རྟེན་ལྟ་བ་དང་བོད་མིའི་ཁྲོད་ཀྱི་གནས་རི་གཉན་པོའི་བསམ་བློ་ལ་གུས་སེམས་བསྟན་པ་དང་ཆབས་ཅིག ཁོང་གིས་ཚོར་བ་རྣོ་བའི་ཆབ་སྲིད་ཀྱི་ཁོར་ཡུག་གི་དབང་གིས་ཕྱོགས་སོ་སོས་གུ་ཡངས་བློས་གཏོང་གི་རྣམ་འགྱུར་འཛིན་དགོས་སྐོར་ཡང་བསྟན། དཔེ་མཚོན་རེ་ཞུས་ན། ཉེ་བའི་ཆར་རྒྱལ་ཁབ་ཀྱི་ངོས་ནས་བོད་ཀྱི་འབྲོག་པ་ཚོར་ནོར་ལུག་གི་ཁ་གྲངས་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་བཏང་ཡོད་ལ། སློབ་དཔོན་ཞུའུ་ལགས་ཀྱིས་བོད་ཀྱི་འབྲོག་པ་ཚོའི་རྩྭ་ས་སྤྱོད་སྟངས་འགའ་རེ་ཁོར་ཡུག་ལ་གནོད་འཚེ་ཆེ་བའི་སྐོར་གྱི་གནད་དོན་འགའ་རེ་གསལ་འདོན་གནང་བྱུང་།

སློབ་དཔོན་ཞུའུ་ལགས་ཀྱི་གསུང་བབས་ཀྱིས་མཁས་པ་དང་ཚན་རིག་པ་ཚོས་སྲིད་གཞུང་གི་སྲིད་ཇུས་ཐོག་ལ་དོན་དམ་པར་ཤུགས་རྐྱེན་ཅི་ཙམ་ཐེབས་ཐུབ་ཀྱི་ཡོད་མེད་ཐད་དྲི་བ་འདོན་དུ་བཅུག་ཡོད། སློབ་དཔོན་ཞུའུ་ལགས་ཀྱིས་སྲིད་ཇུས་གསར་པ་གང་ཞིག་ཡིན་རུང་ལག་བསྟར་མ་བྱས་སྔོན་དུ་ས་གནས་མང་ཚོགས་ལ་གྲོས་བསྡུར་བྱེད་པའི་རིན་ཐང་ལ་གདེང་འཇོག་བྱེད་ནའང་། ད་སྔ་གླེང་བཞིན་པའི་ས་ཁུལ་འདི་དག་གི་བོད་ཀྱི་འབྲོག་པ་མང་ཚོགས་ཀྱི་ཁྲོད་དུ་རྣམ་པ་རྒྱ་ཆེ་ཞིང་འོས་འགན་རང་བཞིན་གྱི་འགྱུར་ལྡོག་མང་བོ་བྱུང་དང་འབྱུང་བཞིན་ཡོད་ཅིང་། དེ་དག་འབྱུང་བའི་སྐབས་སུ་སློབ་དཔོན་ཞུའུ་ལགས་ཀྱིས་ཤུགས་བསྟན་གྱིས་བསྟན་པའི་ཐབས་མཆོག་ཁག་ལས་མང་བོ་ཞིག་དོན་དངོས་སུ་བརྩི་འཇོག་བྱེད་མདོག་ཁ་པོ་མ་རེད། གང་ལྟར་སློབ་དཔོན་ཞུའུ་ལགས་ལ་ཡང་ཆབ་སྲིད་ཀྱི་དོན་དངོས་ཐད་ཆ་རྒྱུས་གསལ་བོ་ཡོད་པ་རེད། དེ་ལྟར་ཚོགས་འདུར་ཞུགས་པའི་ཚོགས་མི་ཡོངས་ཀྱིས་བོད་མིའི་འཚོ་བ་སྐྱེལ་སྟངས་ལ་འཕྲད་བཞིན་པའི་དཀའ་ཉེན་འདི་དག་ལབ་གླེང་བྱེད་བཞིན་པའི་སྐབས་སུ་ཡུ་རྒྱེན་ཧུན་ལགས་ཀྱིས་དེ་སྔ་ཚོགས་ཐོག་ནས་གསུངས་པའི་གདོད་མའི་ཨ་རི་པའི་ཁྲོད་ཀྱི་“ཆིངས་ཡིག་ལྡན་པའི་ཚོ་བའི”སྐོར་གྱི་གསུང་མོལ་དེ་ཧ་ཅང་གལ་གནད་ཅན་ཞིག་ཏུ་གྱུར། དུས་རབས་༡༩ནང་དུ་བཙན་དབང་གི་འོག་ནས་ཨ་རིའི་སྲིད་གཞུང་དང་ལྷན་དུ་དྲང་བདེན་མ་ཡིན་པའི་ཆིངས་ཡིག་འཇོག་པ་བརྒྱུད་ནས་རང་ཉིད་ཀྱི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ས་ཆའི་ཆ་ཤས་ཆེན་པོ་རེ་བློས་གཏོང་བྱེད་དགོས་ཐུག་པའི་གདོད་མའི་མི་རིགས་ཀྱི་ཚོ་བ་དེ་དག་དུས་རབས་༢༡དུ་སླེབས་དུས། ཨ་རིའི་སྲིད་གཞུང་དང་ལྷན་དུ་གྲོས་མོལ་བྱེད་པ་དང་དམིགས་བསལ་ཁེ་ཕན་གསར་པ་ལེན་པ་སོགས་ཀྱི་སྐབས་སུ་སྐབས་དེར་ཆིངས་ཡིག་ལ་མིང་རྟགས་གཏན་ནས་མ་བཀོད་པའི་ཚོ་ཁག་གཞན་པ་ཁག་དང་བསྡུར་ཚེ་ཁེ་ཕན་ཆེན་པོ་ཡོད་པ་རེད། སྐབས་དེར་རང་ཉིད་ཀྱི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་མཇུག་རྫོགས་པར་བྱེད་པའི་ཆིངས་ཡིག་དེ་དག་དུས་ད་ལྟ་ཆབ་སྲིད་ཀྱི་ལག་ཆ་རིན་ཐང་ལྡན་པ་ཞིག་ཏུ་གྱུར་ཡོད་ཅིང་། ཆིངས་ཡིག་དེ་དག་གི་དབང་གིས་ད་ཆ་རང་ཉིད་ལ་ཨ་རིའི་ཁྲིམས་ལུགས་སྒྲིག་གཞིའི་ཁྲོད་དུ་གོ་ས་ངེས་ཅན་ཞིག་ཡོད་བསྡད་པ་རེད། བོད་པའི་ཚོ་ཁག་རྣམས་ལ་མཚོན་ན་ཀྲུང་གོའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་འོག་ནས་ལས་ཀ་བྱེད་པ་ལས་མཐའ་གཅིག་ཏུ་འགོག་རྒོལ་བྱེད་པ་སྤོང་དགོས་པ་ནི་ཧ་ཅང་གལ་ཆེ་ཞིང་། གནད་དོན་འདི་ལ་སློབ་དཔོན་ཞུའུ་ལགས་ཀྱིས་ཀྱང་ཚམ་ཚོམ་ཅི་ཡང་མེད་པའི་སྒོ་ནས་མོས་མཐུན་གནང་།

ཆབ་སྲིད་ཀྱི་གནད་འགག་འདིར་སླེབས་ཚེ་སློབ་དཔོན་ཧུན་ལགས་ཀྱིས་དབྱེ་བ་ཞིག་ཕྱེས་ཡོད་པ་དེ་ཧ་ཅང་ཕན་པོ་བྱུང་ལ། འདི་ཚོགས་འདུའི་ཆེས་མཐའ་མར་བོད་ཀྱི་མཁས་པ་ཚོས་ཕུལ་བའི་ཆེད་རྩོམ་གཉིས་དང་འབྲེལ་ཆགས་པར་གྱུར། སློབ་དཔོན་ཧུན་ལགས་ཀྱིས“ཤུལ་བཞག་སྲོལ་རྒྱུན”(སྲོལ་རྒྱུན་འདིའི་རིགས་ནི་མི་རབས་ནས་མི་རབས་བར་བརྒྱུད་ནས་ཡོང་བ་ཡིན་ཞིང་དེ་ཚོར་བརྩི་བཀུར་བྱེད་པའང་དེ་ཚོ་རྙིང་བ་ཡིན་པའི་རྒྱུ་མཚན་ཙམ་གྱིས་སོ༎)དང་“འཕེལ་འགྱུར་སྲོལ་རྒྱུན”(སྲོལ་རྒྱུན་འདིའི་རིགས་ནི་ད་ལྟའི་དུས་འདིར་དགོས་མཁོ་དང་བསྟུན་ཏེ་འགྱུར་བ་གཏོང་ཆོག་ཅིང་བེད་སྤྱོད་ཀྱི་རིན་ཐང་ལྡན་པ་ཡིན།)གཉིས་ཀྱི་དབར་དུ་དབྱེ་བ་གསལ་བོ་ཕྱེས། འདིར་མཚོན་ནའང་ཆབ་སྲིད་ཀྱི་སྟེང་དུ་སླེབས་འདུག་སྟེ། གཅིག་ནི་འཐབ་ཇུས་རང་བཞིན་དང་གཞན་དེ་ནི་མ་འོངས་པའོ༎ དབྱེ་བ་འབྱེད་སྟངས་འདི་ཡིད་ལ་འཇགས་པ་ཡིན་ན་ཁུ་ལོམ་བྷི་ཡ་སློབ་གྲྭ་ཆེན་མོའི་དེང་རབས་བོད་ཀྱི་སྐད་ཡིག་གི་ཁྲིད་སྟོན་པ་སྣང་གསལ་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་གྱ་ནོམ་པའི་དེ་ཉིད་ལ་བཅངས་པའི་དུངས་སེམས་དང་དྲན་སེམས་ལ་བསྐྱར་ཞིབ་བྱས་པ་དེར་གོ་བ་ལོན་པར་ཕན་སྲིད། བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཡིག་ཁྲོད་ཀྱི་གཡར་ཚིག་དང་། ཁྱད་པར་དུ་དེང་རབས་འཕྲུལ་དངོས་དང་འབྲེལ་བའི་གཡར་ཚིག་གི་གྲངས་འབོར་ཉིན་རེ་བཞིན་འཕེལ་པའི་སྣང་ཚུལ་གསལ་འདོན་བྱས་པ་དང་ཆབས་ཅིག སྙན་ཆ་ལྡན་ལ་ལོ་རྒྱུས་ཀྱི་ཐོག་ནས་ལུང་རིགས་ཀྱི་རྒྱབ་ལྗོངས་ལྡན་པའི་བོད་ཚིག་ཁག་ཡལ་བར་དོར་ཏེ་བོར་བརླག་ཏུ་འགྲོ་བཞིན་པའི་ཐད་ལ་སྨྲེ་སྔགས་བཏོན་ཡོད། འདི་དང་འབྲེལ་བའི་བགྲོ་གླེང་གིས་སྐད་ཡིག་གཞན་པ་ཁག་སྟེ། དུས་རབས་༢༠ནང་དུ་ཧེབ་རུའུ་(ལོ་ཙཱ་བའི་མཆན། ལྗེའུ་ཤེའམ་རྒྱ་སྐད་དུ་དབྱིག་ཐེ་ཞེས་བྱ་བའི་མི་རིགས་ཀྱི་སྐད་ཡིག)ལྟ་བུའི་བསྐྱར་གསོ་ལེགས་འགྲུབ་བྱུང་བའི་སྐད་ཡིག་ཁག་ཚུད་པའི་ཕལ་ཆེར་སྐད་ཡིག་ཡོངས་རྫོགས་ལ་འཕྲད་མྱོང་བའི་དཀའ་ཉེན་གྱི་སྐོར་ཕྱིར་དྲན་བྱེད་དུ་བཅུག མཚམས་འདིར་སླེབས་དུས་ང་ཚོས་མཐོང་ཡོང་བ་ནི་མཚམས་ལ་ལར་སྐད་ཡིག་སྲུང་འཛིན་བྱེད་པའི་འདུན་པ་དེ་སྐད་ཡིག་ཅིག་གི་གསོན་ནུས་དང་འགལ་ཟླར་ཡང་འགྲོ་སྲིད་པ་དེ་རེད། དེ་དང་དུས་མཚུངས་སུ་ང་ཚོར་སེམས་ཁྲལ་ཞིག་སླེབས་ཡོང་བ་ནི། ང་ཚོས་“ཤུལ་འཛིན”སྐད་ཡིག་ལ་འབད་པ་བྱེད་པ་མང་དྲགས་པའི་དབང་གིས། ང་ཚོའི་སྐད་ཡིག་དེ་དུས་རབས་༢༡ནང་དུ་ང་ཚོའི་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པའི་ཕྱོགས་སུ་“འཕེལ་འགྱུར”འགྲོ་མི་ཐུབ་པར་གྱུར་ཡོད་པ་མིན་ནམ་སྙམ།

གཅིག་བྱས་ན་ང་ཚོས་འདྲི་འོས་པའི་དྲི་བ་ངོ་མ་ནི། མཐའ་ན་གཡར་ཚིག་དང་ཚིག་གསར་ཡང་ཡོད་པའི་བོད་ཀྱི་སྐད་ཡིག་དེ་རྩ་བ་ནས་སྤྱོད་ཀྱི་ཡོད་དམ་མེད་ཅེས་པ་དེ་ཡིན་སྲིད། སྐད་ཡིག་གི་རིམ་འགྱུར་དང་བསྟུན་ནས་སླེབས་པའི་འགྱུར་ལྡོག་གང་རུང་ལ་བྲང་ཁོག་ཡངས་པོས་དང་ལེན་བྱེད་པའི་བྱ་སྤྱོད་དང་སྐད་ཡིག་དེ་སྤྱོད་སྒོ་དང་འབྲལ་དུ་འཇུག་པའི་བྱ་སྤྱོད་གཉིས་ཀྱི་དབར་དུ་ཁྱད་པར་ཆེན་པོ་ཡོད་པ་རེད། ལྡེ་མིག་ལྟ་བུའི་གནད་འགག་ཅིག་ནི་བོད་ནང་དང་བཙན་བྱོལ་སྤྱི་ཚོགས་གཉིས་ཀའི་སློབ་གསོའི་སྡེ་ཁག་མཐོ་དམན་ཡོངས་ཀྱི་སློབ་ཁང་གི་ནང་དུ་བོད་ཀྱི་སྐད་ཡིག་གི་སྤྱོད་སྒོ་རེད། གནད་འགག་གཞན་ཞིག་ནི་སྐད་ཡིག་དེ་ཕན་ནུས་ཅན་དང་བརྡ་འཕྲོད་རང་བཞིན་གྱི་ཐོག་ནས་སྤྱོད་ཆོག་སའི་རྩོམ་རིག་དང་ཤེས་རིག་གི་ཁོར་ཡུག་གི་བདེ་ཐང་རེད། ང་ཚོ་ཚང་མས་ཤེས་གསལ་ལྟར་མ་མཐའ་ཡང་༡༩༨༠གྱ་གྲངས་ནས་བཟུང་བོད་ཡིག་གི་ལམ་ནས་དེང་རབས་སྙན་ངག་དང་བཅོས་སྒྲུང་འབྲི་བཞིན་ཡོད་པ་རེད། བོད་ཀྱི་རྩོམ་པ་བོ་ཚོས་དུས་རབས་སྔོན་མའི་ནང་གི་སེམས་ཀྱི་རྨ་ཁ་དང་ན་ཟུག་ཁག་ལ་གདོང་ལེན་བྱས་ཏེ་མདུན་དུ་སྐྱོད་པར་རྩོམ་བཞིན་ཡོད་པའི་རྐྱེན་གྱིས་དེང་རབས་བོད་ཀྱི་རྩོམ་རིག་དེ་བོད་མིའི་ངོ་བོ་གསར་དུ་སྐྲུན་སའི་གསར་གཏོད་རང་བཞིན་གྱི་སྡིངས་ཆ་ཞིག་ཏུ་གྱུར། འདིར་འཛམ་གླིང་ནང་གི་རྩོམ་རིག་གཞན་དག་ལས་ཤུགས་རྐྱེན་ཅི་སླེབས་སྐོར་གྱི་དྲི་བ་འདོན་དགོས་པ་ངོ་མ་ཡིན་ནའང་། བོད་ཀྱི་སྐད་ཡིག་ལ་དུས་རབས་ཉི་ཤུ་བའི་ཡར་སྔོན་གྱི་རྣམ་པ་དྲི་མ་མེད་པ་ཞིག་ཕྱིར་ཡོང་ཆེད་ད་ཡོད་བོད་ཡིག་ཁྲོད་ཀྱི་བཅོས་སྒྲུང་དང་སྙན་རྩོམ་གསར་མའི་རིགས་ཚང་མ་གཙང་ཕྱགས་བྱེད་དགོས་སྐོར་ནི་མཐའ་ན་རིགས་གཙང་མཁྲེགས་འཛིན་ཆེས་ཆེ་ཤོས་ཁག་ཚུད་པའི་མི་སུ་ཞིག་གིས་བརྗོད་སྲིད་དམ།

བོད་མིའི་ངོ་བོ་གླེང་ཡོང་དུས་ང་ཚོ་ཚོགས་འདུས་བསླངས་ཡོང་བའི་རྙོག་འཛིང་ཅན་གྱི་གནད་དོན་ཁག་གི་དཀྱིལ་དུ་འཁྱེར་ཡོང་། ངོ་བོ་ཞེས་པ་འདི་བཙན་གནོན་མྱོང་མཁན་ལ་མཚོན་ན་ཡིད་དུ་འོང་བའི་སེམས་གསོ་ཞིག་ཡིན་པ་མ་ཟད་མི་སྡེ་ཞིག་གི་འཐབ་རྩོད་སྤེལ་སའི་སྡིངས་ཆ་ཞིག་ཀྱང་ཡིན། འོན་ཀྱང་དེ་དང་ཆབས་ཅིག་ངོ་བོ་ཞེས་པ་འདིས་ང་ཚོའི་མཐོང་རྒྱ་ཆུང་དུ་བཏང་སྟེ་ང་ཚོས་འཛམ་གླིང་ཉམས་སུ་མྱོང་བ་དང་དེ་ལ་ཞབས་འདེགས་སྒྲུབ་པའི་ནུས་པར་ཚོད་འཛིན་བྱེད་ཐེབས་སྲིད། ཚོགས་འདུའི་ཐོག་གཏམ་བཤད་སྤེལ་མཁན་མཐའ་མ་དེ་བོད་ཀྱི་མཁས་པ་དང་རྩོམ་པ་བོ་མཚོ་སྔོན་བོད་སྨན་ཞིབ་འཇུག་གླིང་གི་འགན་འཛིན་རྡོ་རྗེ་ཡིན་ཞིང་། ཁོང་གིས་སྲོལ་རྒྱུན་བོད་སྨན་གྱིས་བསྒྲུབས་པའི་ཞབས་འདེགས་སྐོར་ལྷག་བསམ་ཟོལ་མེད་ཀྱིས་གསུངས། ལྷ་རྗེ་རྡོ་རྗེ་ཡིས་བོད་སྨན་གཅིག་པུ་ལ་ཡོད་པ་མ་ཡིན་པའི་བོད་སྨན་གྱི་གྲུབ་ཆ་ཁག་སྟེ་གླིང་ཆེན་ཨེ་ཤ་ཡའི་ཤུལ་བཞག་རིག་གནས་དག་ལས་བོད་སྨན་གྱི་ནང་དུ་ནང་འདྲེན་བྱས་པའི་འབྱུང་བ་ལྔ་དང་དུག་གསུམ། གསོ་རིག་ཐོག་གི་ཚ་གྲང་གི་ངོས་འཛིན་སོགས་ངོ་སྤྲོད་གནང་བ་བརྒྱུད་གོང་སྤྲོས་ཀྱི་ལུང་རིགས་ལ་གཡོ་རྒུལ་བཏང་། འདི་ནི་ངོ་བོ་དེ་ཆེས་མཇུག་མཐར་དགེ་ཕན་གྱི་རང་བཞིན་ཡིན་པའི་དཔེ་མཚོན་ཞིག་ཡིན། གནའ་བོའི་བོད་རྒྱལ་ཚོས་སྐབས་དེ་དུས་ཀྱི་བོད་ཡུལ་དུ་ལག་བསྟར་བྱེད་བཞིན་པའི་གསོ་རིག་གི་རྩལ་མཐོར་འདེགས་གཏོང་ཆེད། གླིང་ཆེན་ཨེ་ཤ་ཡའི་ཡུལ་གྲུ་ཁག་ནས་གསོ་རིག་མཁས་པ་རྣམས་རྒྱལ་བོའི་འདུན་སར་གདན་འདྲེན་ཞུས་ཤིང་མཐའ་མར་ཕྱི་ནང་ཡོངས་ཀྱི་ཉམས་མྱོང་གཅིག་ཏུ་བསྡེབས་ཏེ་བསྟན་བཅོས་སུ་བྱས་པ་བརྒྱུད་དེང་སང་ང་ཚོའི་མིག་སྔར་ཡོད་པའི་“བོད་ཀྱི་གསོ་རིག”ཅེས་པ་འདི་འཁྲུངས་པ་ཡིན་ཞིང་། འདི་ཡང་བོད་རྒྱལ་དེ་ཚོའི་འཇིག་རྟེན་ཀུན་ཁྱབ་ལྟ་བའི་དྲིན་གྱིས་བྱུང་བ་ཁོ་ན་ཡིན། དེས་ན་འདི་ནི་ཆ་ཤས་སྣ་ཚོགས་དང་རྣམ་པ་སྣ་ཚོགས་རྣམས་ལྷན་གཅིག་ཏུ་བསྡུས་ཏེ་བོད་ཀྱི་གསོ་རིག་གི་ནང་དུ་ཡིག་ཐོག་ཏུ་ཕབ་པ་དང་གཞུང་ལུགས་ཅན་དུ་བསྒྱུར་བའི་འོད་སྟོང་འབར་བའི་དུས་རབས་ཤིག་གི་མཚོན་བྱེད་ཡིན། “སྲོལ་རྒྱུན”ཞེས་པ་འདིས་ངེས་པར་དུ་དུས་ལས་གཡོལ་བའི་འདས་པའི་དུས་ཀྱི་གོམས་སྲོལ་གྱི་རྒྱུན་ཁོ་ན་མཚོན་གྱི་ཡོད་རྐྱེན་ལྷ་རྗེ་རྡོ་རྗེ་ཡིས་ཚིག་འདིའི་བསྟན་དོན་ཐད་སེམས་ཁྲལ་བྱེད་ཀྱི་འདུག ཁོང་གིས་གསུངས་ན་དོན་དངོས་ནི་དེ་ལས་ལྡོག་སྟེ་ཤེས་བྱའི་ཐོན་སྐྱེད་འབྲས་བུ་ཡོངས་རྫོགས་ནི་སྲོལ་རྒྱུན་གྱི་སྒུལ་ཤུགས་ལས་གྲུབ་པ་ཁོ་ན་ཡིན་ཟེར། ངོ་མ་དེ་དེ་ལྟར་ཡིན་ན། ཁོང་གི་གསུང་མོལ་གྱིས་བོད་ཀྱི་གསོ་རིག་གི་མ་འོངས་པ་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ངོ་བོ་དང་ཡང་ན་མཐའ་ན་ངོ་བོ་ངོས་འཛིན་ལས་རིང་དུ་བརྒལ་བའི་ལམ་ཞིག་ལ་བལྟ་དགོས་པའི་བསམ་ཚུལ་འདོན་གྱི་འདུག གཅིག་བྱས་ན་བོད་ཀྱི་རིག་གནས་གྲུབ་སྟངས་ལས་ཆེས་གསོན་ཤུགས་ལྡན་པའི་ལམ་བུ་ནི་དུས་ནས་དུས་སུ་ཡར་རྒྱས་དང་གོང་འཕེལ་ཡོང་དུ་འཇུག་པ་དང་ཕྱོགས་ཡོངས་ཀྱི་བསམ་འཆར་ནང་དུ་འདུ་བར་བྱས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་བྲོ་བ་དང་སྡེབ་རྒྱུ་དེ་ཡིན་སྲིད།

དེང་གི་དུས་འདིར་བོད་པ་ཚོར་བོད་པའི་ངོ་བོ་ངོས་འཛིན་བྱེད་པའི་ཐད་འཛམ་གླིང་གོ་ལའི་ཆ་ཤས་མང་བོ་ནས་གནོན་ཤུགས་འབྱུང་གི་ཡོད་དེ། གཙོ་བོ་ཀྲུང་གོའི་སྲིད་གཞུང་གི་གྲུབ་ཆ་ཁག་དང་ནུབ་ཕྱོགས་བོད་དད་ཅན་གཉིས་ཀའི་ངོས་ནས་ཡོང་གི་ཡོད། ཀྲུང་གོའི་སྲིད་གཞུང་གི་གྲུབ་ཆ་ཁག་གིས་མི་སེར་ཚང་མ་མི་རིགས་ཀྱི་ནང་དུ་དབྱེ་གསེས་བྱེད་རྒྱུ་དེ་ཡིན་ལ་ནུབ་ཕྱོགས་བོད་དད་ཅན་ཚོས་བོད་པ་ལ་ཆོས་ལུགས་ཀྱི་ཐོག་ནས་ངོས་འཛིན་ཞིག་བྱེད་རྒྱུ་དེ་རེད། བློ་རིག་གི་ཆུ་ཀློང་དཀྲིགས་པར་བྱེད་པའི་ཚོགས་འདུ་འདིས་ང་ཚོར་རྣམ་པ་སྣ་ཚོགས་ཅན་ལ་རྟོག་འཇུག་བྱེད་པའི་རྙོག་འཛིང་རང་བཞིན་དང་ཡར་སྤེལ་རང་བཞིན། རེ་བའི་རང་བཞིན་བཅས་ཀྱི་ཐད་མནོ་བསམ་གཏོང་དུ་བཅུག གཅིག་བྱས་ན་ང་ཚོས་རང་ཉིད་ལ་བོད་པ་ཚོ་རིག་གནས་དང་རྩོམ་རིག ཚན་རིག་དང་མཐའ་ན་རྒྱལ་ཁོངས་ཚུན་ཆད་སྔོན་མ་ལས་རྒྱ་ཆེ་ཞིང་ཁོད་ཡངས་ས་ཞིག་ཏུ་བགྲོད་བཞིན་ཡོད་པའི་དོན་སྤྱི་འཆར་དུ་བཅུག་ཆོག་ལ། གསར་དུ་སླེབས་པའི་མངའ་ཁོངས་དེ་ལས་ཁོང་ཚོ་འཛམ་གླིང་རིམ་པའི་ཚད་གཞི་ལ་ཞུགས་ཏེ་“བོད་པ་ཡིན་པ”ཙམ་ལས་བརྒལ་ཡང་སྲིད་པའི་དོན་སྤྱི་ཡང་འཆར་དུ་བཅུག་ཆོག་པ་རེད།