You are here

ཀི་ཀི་བསོ་བསོ་ལྷ་གསོལ་ལོ།

ང་ཚོའི་བྱིས་པའི་འཛིན་གྲྭས་ཆུ་སྦྲུལ་ལོ་གསར་ལ་བཀྲ་ཤིས་སྨོན་ཚིག་ཞུ་བ།
 

ཁྱོད་ཀྱིས་བྱིས་པ་ཚོ་མིག་གིས་མ་མཐོང་གོང་དུའང་ཁོ་ཚོའི་སྐད་སྒྲ་སྔ་མོ་ནས་གོ་ཐུབ་སྟེ། སྐས་ཐེམ་སྟེང་བགྲོད་དུས་ཀྱི་ཁོ་ཚོ་ནི་སྐད་གསེང་ཅུང་མཐོ་བའི་ཁྱད་པར་ཙམ་ལས་ཅི་ཞིག་ལ་འདྲོགས་ཀྱིན་པའི་བེའུ་ཆུང་ཆུང་དག་དང་གཉིས་སུ་མ་མཆིས་ལ། ཁྱིམ་བདག་ཚོས་རང་རང་གི་བྱིས་པའི་རྗེས་སྙེག་བཞིན་ཞལ་ངོ་འཛུམ་གྱིས་ཁེངས་ཤིང་མགོ་བོ་གཡུག་གཡུག་བྱེད། ནུབ་ཕྱོགས་ཀྱི་སྡེ་བ་འདིར། ཉིན་དེ་ནི་ཆར་བ་འབབ་ཀྱིན་པའི་སྤྱི་ཟླ་གཉིས་པའི་གཟའ་སྤེན་པའི་གྲང་ཤུར་ཤུར་གྱི་ཞོགས་པ་ཞིག་ཡིན་སྲིད་ནའང་། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་གཟའ་འཁོར་གཉིས་རེའི་ནང་སྤེལ་བའི་བྱིས་པའི་འཛིན་གྲྭར་ཞུགས་མཁན་བྱིས་པ་བཅུ་འདུག་ལ། ཁོ་ཚོ་ནི་སྔ་ན་མེད་པའི་སྟོབས་དང་རྣམ་རིག་གིས་ཁེངས་འདུག

ལོ་གསུམ་ནས་ལོ་བཅུ་ལ་སོན་པའི་བྱིས་པ་འདི་དག་ལས་ལ་ལ་ནི་བོད་རིགས་དང་ལ་ལ་ནི་ཨ་རི་བ་ཡིན། ཁོ་ཚོ་ལས་ཀྱང་ཁ་ཅིག་པྲ་ཚགས་དང་ཁ་ཅིག་ལྷོད་པོར་སྣང་། ད་ཐེངས་གི་གཟའ་འཁོར་འདིར། ཁོ་ཚོས་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བར་ཁ་དོག་སྣ་མང་བཀྲ་བའི་བོད་ཀྱི་སྲོལ་རྒྱུན་གྱི་ཕྱུ་པ་གྱོན་པ་རེད།

ཁོ་ཚོའི་དགེ་རྒན་ཚེ་ཚོས་ལགས་ཀྱིས་ཀྱང་ཕྱུ་པ་གྱོན་ཡོད་པ་དང་། ཁོང་གིས་བྱིས་པ་ཚོ་དཔེ་མཛོད་ཁང་གི་བྱིས་པའི་ས་གནས་སུ་ཁྲིད། དེ་རུ་ཁ་དོག་སྣ་མང་གི་ས་གདན་གཅིག་དང་། སྒོ་སམ་གཅིག ད་དུང་བོད་ཀྱི་བྱིས་པའི་དཔེ་ཆ་ཡོད་པ་དང་། རྩེད་ཆས་སུ་བྱེད་པའི་དོམ་ཞིག་འདུག་པ་དེ་ནི་བྱིས་པ་ཚོ་ལས་ཀྱང་ལྷང་ངེར་མཐོ་བ་རེད།

དེ་རིང་ནི་བོད་ཀྱི་ལོ་གསར་རྗེས་ཀྱི་སློབ་ཐུན་དང་པོ་རེད། དགེ་རྒན་ཚེ་ཚོས་གིས་ཐོག་མར་བྱིས་པ་ཚོར་འདྲི་རྒྱུར། ཁྱེད་ཚོས་བོད་ཀྱི་ལོ་གསར་ཐད་སྐད་ཆ་ཅི་ཞིག་བཤད་འདོད་དམ།

བྱིས་པ་ཚོས་སྐད་ཆའི་སྔུན་གཞུག་རྩོད་པ་ནང་བཞིན་ལོ་གསར་བཀྲ་ཤིས་བདེ་ལེགས་ཅེས་སྐད་གསེང་མཐོན་པོའི་ངང་ལན་བཏབ་པ་རེད།

ཚེ་ཚོས་ལགས་ཀྱིས། འགྲིག་གི་འདུག ཨ་མདོའི་ཡུལ་དུའང་ང་ཚོས་ལོ་གསར་བཟང་ངམ་ཡང་ན་ལོ་གསར་བཀྲ་ཤིས་བདེ་ལེགས་ཟེར་བ་ཡིན་ཞེས་བཤད་པ་དང་། མོ་རང་གི་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་ལེབ་མོའི་ཁ་ཕྱེས་ཏེ་བོད་མིའི་ལོ་གསར་ལ་གྱོན་པའི་སྲོལ་རྒྱུན་ལྭ་བ་དང་མགྲོན་བསུ་བྱང་བུའི་འདྲ་པར་དག་བྱིས་པ་ཚོར་བསྟན།

ཚེ་ཚོས་ལགས་བོད་ཡིག་གི་གསལ་བྱེད་ཡི་གེ་རྣམས་འཁོད་ཡོད་པའི་སྒོ་སམ་གྱི་སར་སོང་སྟེ། བོད་ཡིག་ལ་གསལ་བྱེད་ཡི་གེ་དུ་ཡོད་ཅེས་དྲིས།

དྲི་བ་འདི་ལ་ལན་མི་འདྲ་བ་འགའ་བྱུང་བ་སྟེ། བཅུ་གསུམ་དང་། བརྒྱད། བཅུ་དྲུག ཉེར་བཞི་སོགས་སོ། གནད་དོན་འདི་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་གཅིག་ནི་བྱིས་པ་ཚོས་མཉམ་དུ་ཡི་གེ་རེ་རེ་བརྩིས་མཐར་གསལ་བྱེད་ཡི་གེ་སུམ་བཅུ་ཡོད་པ་རེད་ཅེས་དྲིས་ལན་འགྲིག་པོ་འདེབས་རྒྱུ་དེའོ།

ཚེ་ཚོས་ལགས་ནི་བུ་མོ་ཆུང་ཆུང་གཉིས་ཀྱི་ཨ་མ་ཡིན་པས། བྱིས་པ་འདི་དག་ལ་བོད་ཡིག་ཁྲིད་རྒྱུ་ནི་མོ་རང་ལ་མཚོན་ན་དཀའ་ཁག་ཆེན་པོ་ཞིག་རེད། མོ་རང་གིས་གད་མོ་དང་བཅས་བཤད་རྒྱུར། བྱིས་པ་ཚོར་གཟའ་འཁོར་གཉིས་ཀྱི་ནང་སློབ་ཁྲིད་ཐེངས་གཅིག་གམ་ཡང་ན་ཟླ་གཅིག་གི་ནང་ཐེངས་གཅིག་མ་གཏོགས་མེད་པས་ང་ཚོས་ལོ་ཧྲིལ་པོར་གསལ་བྱེད་ཡི་གེ་རྐྱང་བ་སྦྱངས་ནས་བསྡད་པ་འདྲ།

མོས་མུ་མཐུད་དུ་བཤད་རྒྱུར། དཀའ་ཚེགས་ཇི་འདྲ་ཆེ་ནའང་བྱིས་པའི་འཛིན་གྲྭ་འདི་ནི་རྒྱབ་ལྗོངས་མཐུན་པའི་བྱིས་པ་ཆུང་ཆུང་ཚོ་མཉམ་དུ་འཛོམས་སའི་གནས་མཆོག་ཅིག་སྟེ། ལ་རྩེ་རུ་བྱིས་པ་ཚོས་ཕན་ཚུན་ལ་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་ས་ཞིག་ཡིན་པས། དེ་ནི་བྱིས་པ་ཚོའི་རྩེད་ཐང་ཞིག་རེད་ལ། སློབ་སྦྱོང་བྱེད་ས་ཞིག་ཀྱང་རེད། ནེའུ་ཡོག་ནི་གྲོང་ཁྱེར་ཧ་ཅང་ཆེན་པོ་ཞིག་ཡིན་པས་བྱིས་པ་ཚོ་ཕན་ཚུན་ཁ་བྲལ་དུ་བཏང་ཡོད་པས། འདི་ནི་བྱིས་པ་ཚོ་དང་ཕ་མ་རྣམ་པ་འཕྲད་སའི་གནས་འགངས་ཆེན་ཞིག་གོ

བྱིས་པའི་འཛིན་གྲྭ་འདི་ནི་ཀོ་ལུམ་སྦི་ཡ་སློབ་ཆེན་གྱི་བོད་རིག་པའི་དཔེ་མཛོད་དོ་དམ་པ་ལོ་རེན་ཧཱར་ཁྲི་ལེ་དང་། བོད་ཀྱི་སྨན་པ་བཀྲ་ཤིས་གཡང་འཛོམས། ཀུན་ཕན་ཐེབས་རྩ་ཚོགས་པའི་དཔེ་མཛོད་དོ་དམ་པ་རྒན་པ་ཁ་རི་སི་ཊིན་ལགས་བཅས་ཀྱིས་བོད་ཀྱི་བྱིས་པ་ཆུང་ཆུང་ཚོར་དགོས་པར་དམིགས་ཏེ་༢༠༠༥ལོར་འགོ་བརྩམས་པ་ཡིན། ནེའུ་ཡོག་དང་ནེའུ་ཇར་ཛི་བོད་མིའི་སྤྱི་མཐུན་ཚོགས་པས་ལོ་ལྔ་ནས་བཅོ་བརྒྱད་བར་གྱི་བྱིས་པ་ཚོར་གཟའ་མཇུག་ཏུ་སློབ་ཁྲིད་བྱེད་པ་དང་། བདེ་སྐྱིད་སློབ་གྲྭས་ལོ་ངོ་དྲུག་དང་དེའི་ཡན་གྱི་སློབ་མར་སློབ་ཁྲིད་མཛད། ཡིན་ནའང་། ལོ་ཚད་འདི་དག་ལས་ཆུང་བའི་བྱིས་པའི་ཕ་མ་རྣམ་པར་གདམ་བསེས་མང་པོ་མི་འདུག

ལོ་འགའི་སྔོན་དུ་ཁྱིམ་བདག་བསོད་ནམས་དབང་མོས་ངེད་དཔེ་མཛོད་ཁང་གི་སྙན་ཐོ་སྟེང་འགོད་རྒྱུར། བྱིས་པ་ཚོར་རང་ཉིད་རིགས་གང་ལ་གཏོགས་པའི་འདུ་ཤེས་དང་ལ་རྒྱ་ཡིས་སྟོང་བ་དང་། དེ་བཞིན་སློབ་སྦྱོང་བྱེད་པའི་སྤྲོ་བ་དང་བྱིས་པ་གཞན་དང་མཉམ་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་དང་ཁོར་ཡུག་གིས་དབེན་པས། ནམ་ཡང་དཀའ་ཁག་ཏུ་སྣང་། ཡིན་ནའང་། ལ་རྩེ་དཔེ་མཛོད་ཁང་གི་ལས་གཞི་འདིས་འབྲེལ་ཡོད་ཀྱི་གནད་དོན་གང་མང་ཞིག་སེལ་ཡོད་པ་རེད། དེས་བྱིས་པ་དང་ཁྱིམ་བདག་ཚོ་ཕྱོགས་གཅིག་ཏུ་བསྡུས་ཏེ་ཕན་ཚུན་བར་འབྲེལ་འདྲིས་དང་། བརྩི་མཐོང་། སློབ་སྦྱོང་བྱེད་པ་དང་། ད་དུང་ཁོ་ཚོའི་སྐད་ཡིག་དང་སྲོལ་རྒྱུན་ལ་རྟེན་འབྲེལ་མཛད་པའི་སྐལ་བཟང་བསྐྲུན་ཡོད་ལ་ཁོ་ཚོའི་བོད་མི་རིགས་ཀྱི་ལ་རྒྱ་ཇེ་བརྟན་དུ་གཏོང་བར་ཡང་སྨན་ནོ།

དགེ་རྒན་ཚེ་ཚོས་ལགས་ཀྱིས་དེ་རིང་ཡང་ནམ་རྒྱུན་དང་འདྲ་བར་བོད་ཀྱི་དུས་ཆེན་གྱི་སྐོར་གླེང་བ་རེད། མོ་རང་གིས་ལོ་གསར་གྱི་སྐོར་གླེང་ཞོར་བོད་ཀྱི་དར་ལྕོག་ཆུང་ཆུང་འགའ་བླངས་ཏེ་བཤད་རྒྱུར། ལོ་རེ་རེའི་ལོ་གསར་གྱི་སྐབས་སུ་བོད་པ་ཚོས་ཁང་ཐོག་ཏུ་དར་ལྕོག་སྒྲེང་བ་དང་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་དང་ན་ཚ་མི་འབྱུང་བར་བཀྲ་ཤིས་པའི་ཁ་གཡང་སྒྲོག་པ་རེད།

དགེ་རྒན་ཚེ་ཚོས་ལགས་ཀྱིས་ཨོཾ་མ་ཎྀ་པད་མེ་ཧཱུཾ་གྱི་ཡིག་འབྲུ་དྲུག་པོས་སྤྲས་པའི་ཁ་དོག་མི་འདྲ་བའི་དར་ལྕོག་དེ་དག་ཡར་བླངས་ཏེ། ནམ་མཁའ་ནི་སྔོན་པོ་རེད། སྤྲིན་ནི་དཀར་པོ་རེད། མེ་ནི་དམར་པོ་རེད། ཆུ་ནི་ལྗང་ཁུ་རེད། ས་ནི་སེར་པོ་རེད་ཅེས་བོད་སྐད་ཀྱིས་བཤད་རྗེས་དབྱིན་སྐད་དུ་བསྒྱུར་ནས་བཤད་པ་རེད།

བྱིས་པ་ཚོས་རང་རང་ལ་དར་ལྕོག་ཆུང་ཆུང་འགའ་བླངས་ཏེ་སྡོང་བོ་ཆུང་ཆུང་ཞིག་གི་སྟེང་བཞག་རྗེས་ང་ཚོའི་དཔེ་མཛོད་དོ་དམ་པ་བློ་བཟང་བསྟན་རྒྱས་ལགས་ཀྱི་སར་སོང་ནས་ཁོ་དང་ལྷན་དུ་གསོལ་འདེབས་བྱས། དེའི་རྗེས་སུ་འུར་འུར་ལང་ལོང་གིས་སྐས་ཐེམ་སྟེང་མར་སོང་སྟེ་ཀ་ར་དང་སིལ་ཏོག་སོགས་ཟས་རིགས་སྣ་ཚོགས་སྤུངས་ཡོད་པའི་ཅོག་རྩེ་ཡོད་སར་ཕྱིན་པ་དང་རྩམ་ཕྱེ་ཡར་གཅོལ་མར་གཅོལ་བྱས་པ་རེད།

ཚེ་ཚོས་ལགས་ཀྱིས་ལག་པའི་མཛུབ་མོ་ནས་རྩམ་པ་ལོག་ལོག་ཅིག་འདོན་ཞོར་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་ཅེས་ལོ་གསར་ལ་ཁ་གཡང་བསྒྲགས་པ་དང་། གལ་ཏེ་ཁྱེད་ཚོར་ད་དུང་རྩམ་པ་ལྷག་ཡོད་ན་ཁྱེད་རང་ཚོས་ཟོས་ཆོག་ཅེས་འཛུམ་དང་བཅས་ཏེ་བཤད་པ་དང་བྱིས་པ་ཚོར་ཇི་ལྟར་བྱ་དགོས་ཚུལ་ཐད་ཀྱི་རོགས་རམ་མཛད།

མི་འགྱངས་པར་སློབ་ཁྲིད་མཇུག་སྒྲིལ་ལ་ཉེ་ཞིང་ཚང་མ་ཇ་ཁང་དུ་གྲོ་མ་འབྲས་སིལ་ཟ་བར་ཕྱིན། དེ་ལས་གྲོ་མ་ནི་ཟས་ཁྱད་པར་བ་ཞིག་སྟེ་སྒང་པ་བོད་ན་མ་གཏོགས་མེད་ཅིང་། འབྲས་དང་ཀ་ར་དཀར་པོས་གཙང་ཞིང་མ་གྲིབ་པ་མཚོན་ལ་གྲོ་མས་མི་སེམས་ལ་དྲོད་སྐྱེད་ཅིང་བཀྲ་ཤིས་པའི་རྟེན་འབྲེལ་ཐོག་མ་མཚོན་པས། འདི་ལྟ་བུའི་དུས་ཆེན་ལ་གྲོ་མ་འབྲས་སིལ་ནི་ངེས་པར་ཟ་དགོས་པ་ཞིག་གོ
ཨ་མ་གཅིག་གིས་བྱིས་པ་ཚོའི་ཕོར་བའི་ནང་སིལ་ཁུ་བླུགས་དུས། བུ་ཕྲུག་ཅིག་གིས་ཁོ་ཚོས་དཀྲུག་ཇ་འཐུང་དུ་འཇུག་རྒྱུ་ཡིན་མིན་དྲིས་པ་དང་། མོས་དགོད་ཞོར་ཏུ་བཤད་རྒྱུར། མིན། ཁྱེད་ཚོས་སིལ་ཁུ་རྐྱང་པ་འཐུང་དགོས་པ་རེད་ཅེས་ལན་བཏབ་རེད།

གྲོད་པ་རྒྱག་པའི་བྱིས་པ་ཚོ་ད་ལྟ་ཕྱིར་རང་ཡུལ་དུ་ལོག་སྟེ་ཁོ་ཚོའི་གཟའ་མཇུག་གི་བྱེད་སྒོར་ཞུགས་འདོད་པས། ཚང་མས་ཐེངས་རྗེས་མའི་སློབ་ཁྲིད་བར་དུ་ཕན་ཚུན་ལ་བདེ་མོ་བཞག་པ་རེད། ཐེངས་རྗེས་མའི་སློབ་ཁྲིད་ནང་བྱིས་པ་ཚོར་བོད་རིགས་སྲོལ་རྒྱུན་གྱི་རྩེད་འཇོ་སྟེ་ཨབ་ཆུག་ཅེས་པའི་ཤོ་རྩེད་ཀྱི་སྐོེར་མཚམས་སྦྱོར་བྱ་རྒྱུ་རེད།

མཇུག་ཏུ། ཚེ་ཚོས་ལགས་ཀྱིས་བཤད་རྒྱུར། རང་མི་རིགས་ཀྱི་སྲོལ་རྒྱུན་རང་བཞིན་ལྡན་པའི་བྱེད་སྒོ་འདི་དག་ལ་ཞུགས་པར་ཤིན་ཏུ་སྤྲོ་བའི་བྱིས་པ་འདི་དག་མཐོང་བ་ནི་དགའ་འོས་པ་ཞིག་སྟེ། ཁོ་ཚོའི་ཉེ་འཁོར་དུ་བོད་དང་འབྲེལ་ཡོད་དཔེ་ཆ་མང་ཞིང་བྱིས་པ་ཆུང་ཆུང་འདི་དག་བོད་དང་བོད་ཀྱི་རིག་གནས་ལ་རྒྱུས་མངའ་བར་བྱེད་པ་ནི་ངེས་པ་དོན་གྱི་ལས་འབྲས་ལེགས་པོ་ཞིག་ཏུ་རུང་ངོ་།

ཀུན་ཕན་ཐེབས་རྩ་ཚོགས་པའི་བྱིས་པའི་འཛིན་གྲྭ་ནི་ལོ་གསུམ་ནས་དྲུག་བར་གྱི་བྱིས་པ་ཡིན། བྱ་རིམ་འདིའི་ཁྲོད་བྱིས་པ་ཚོས་རྩེད་འཇོ་དང་། སྒྲུང་གཏམ། གླུ་སོགས་ཀྱི་རིག་གནས་བྱེད་སྒོ་བརྒྱུད་དེ་སྐད་ཡིག་གི་རྨང་གཞིའི་ཤེས་བྱར་ངོས་འཛིན་བྱ་ཐུབ་པ་རེད། སློབ་ཁྲིད་ནི་གཟའ་འཁོར་གཉིས་རེའི་ནང་ཐེངས་གཅིག་སྟེ་གཟའ་སྤེན་པའི་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ནས་བཅུ་གཉིས་བར་ཡིན།


གལ་ཏེ་ཐོ་འགོད་བྱེད་ན། ༢༡༢ -༣༦༧ - ༨༤༩༠དང་ཡན་ལག་ཨང་གྲངས་༡༨བརྒྱུད་དེ་ཁ་པར་བཏང་ཆོག་ལ་གློག་འཕྲིན་ལས་ཀྱང་ཐོ་འགོད་བྱེད་ཆོག་པ་ཡིན། བྱེད་སྒོ་འདིར་བོད་ཡིག་སྤྱོད་པ་གཙོ་བོ་ཡིན་པ་དང་རིན་སྟེར་མི་དགོས་པས་འདིར་སྤྲོ་བ་ཡོད་པ་ཚང་མ་ཞུགས་ཆོག་སྟེ་ང་ཚོས་སློབ་མ་གསར་པ་དང་ཁྱིམ་བདག་གསར་པ་འདིར་ཞུགས་པར་དགའ་བསུ་ཞུ།

གལ་ཏེ་ཁྱོད་ཚོར་བྱིས་པ་མེད་པའམ་ཡང་ན་བྱེད་སྒོ་འདིར་ཞུགས་མི་ཐུབ་ན་ང་ཚོས་རྒྱུན་དུ་ངོ་དེབ་སྟེང་ང་ཚོའི་བྱིས་པའི་འཛིན་གྲྭའི་པར་དང་བརྙན་འགོད་ཀྱིན་ཡོད་པས་དེར་གཟིགས་རོགས་ཞུ།

ངེད་ཚོའི་བྱིས་པའི་བོད་སྐད་འཛིན་གྲྭ་ནི། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་མ་འོངས་པའི་མི་རབས་ཚོའི་སློབ་གསོར་མ་རྩ་བཙུགས་ནས། བོད་མིའི་སྤྱི་ཚོགས་ཀྱི་ནུས་པ་གོང་མཐོར་གཏོང་བ་དང་། སྐད་ཡིག་སྲུང་སྐྱོབ། དེ་བཞིན་བྱིས་པའི་སློབ་གསོ་ཡར་རྒྱས་བཅས་ལ་དམིགས་པའི་ལས་གཞི་མང་པོའི་ནང་གི་ཆ་ཤས་གཅིག་གོ