You are here

༢༠༡༣ལོའི་རྩོམ་སྒྲིག་པའི་དབྱར་གྱི་གསུང་འཕྲིན།

ཀུན་ཕན་ཐེབས་རྩ་ཚོགས་པས་དབྱར་དུས་ལ་བཀྲ་ཤིས་ཞུ། ང་ཚོས་ན་ནིང་གི་ཟླ་བཅུ་གཉིས་པར་བྱེད་སྒོའི་གསར་འཕྲིན་བཀོད་པ་ནས་ད་ལྟའི་བར་བྱ་བ་གང་མང་ཞིག་བསྒྲུབས་ཟིན་པ་དང་། འདིར་ང་རང་གིས་སྤྲོ་བ་དང་བཅས་དགའ་འོས་པའི་གྲུབ་འབྲས་འགའ་ཞིག་གླེང་བར་བྱ།

ངེད་ཚོགས་པས་བྱིས་པའི་ལེ་ཚན་དེ་གཉེར་ནས་ལོ་ངོ་དྲུག་འདས་ཟིན་པ་དང་། སློབ་གྲྭར་ཞུགས་ཚད་ཀྱང་ཧ་ཅང་མཐོན་པོར་འདུག སློབ་མ་ནི་ལོ་གསུམ་ནས་ལོ་བདུན་བར་གྱི་བྱིས་པ་ཡིན་ལ། ཁོ་ཚོས་རང་ངོས་ནས་འོ་མ་དཀྲུགས་ཏེ་མར་ལོ་ལེན་ཤེས་པ་མ་ཟད། ཆུ་སྦྲུལ་ལོའི་ལོ་གསར་གྱི་བྱེད་སྒོ་ཇི་ལྟར་འོས་མཐུན་གྱིས་སྤེལ་དགོས་པ་དང་། ཨབ་ཆུག་གམ་ཡང་ན་ཐེ་ཀེ་སྟེ་ལུག་གི་ལྷུ་ཚིགས་ཀྱི་རུས་པར་ཚོན་བྱུགས་ཏེ་རྩེ་བའི་རྩེད་འཇོ་ཡང་རྩེད་ཤེས། སྐབས་འདིར། ངས་ཁོ་ཚོས་ལོ་གསར་གྱི་བྱེད་སྒོ་སྤེལ་ཚུལ་སྐོར་གླེང་འདོད་དེ། གལ་ཏེ་ཁྱེད་ཚོར་ཡང་བྱིས་པ་ཆུང་ཆུང་ཡོད་ན་ད་ལོའི་སྟོན་གྱི་སློབ་འགོ་ཚུགས་དུས་སློབ་གྲྭ་འདིར་སྐྱེལ་རྒྱུ་ནི་ངའི་རེ་བ་ཡིན།

ད་ལོའི་སྤྱི་ཟླ་དྲུག་པར། ང་ཚོས་རྒྱལ་སྤྱིའི་སྐུ་མགྲོན་ཕུན་ཚོགས་ཚེ་རིང་དང་། ཀུན་གསལ་ཟླ་བ། ཚུལ་ཁྲིམས་རྒྱ་མཚོ། ཇེམ་ཁི་ནཱར་བཅས་གདན་དྲངས་ནས་བོད་ཀྱི་ཡིག་འབྲིའི་སྒྱུ་རྩལ་དང་། ཡིག་གཟུགས། བོད་རིགས་སྲོལ་རྒྱུན་གྱི་ཤོག་བུ་བཟོ་རྩལ་བཅས་ཀྱི་ཐད་ལ་ངོ་སྤྲོད་ཞུ་བའི་མཛད་སྒོ་སྤེལ། གཟིགས་མོ་བ་རྣམས་ཀྱིས་བོད་གནའ་རབས་དང་དེང་རབས་ཀྱི་ཡིག་གཟུགས་དང་། བོན་གྱི་ཡིག་རྙིང་། ལྷའི་དཀྱིལ་འཁོར་བཅས་ལ་གཟིགས་མོ་དང་རྒྱུས་ལོན་མཛད་པ་མ་ཟད། བོད་རིགས་སྲོལ་རྒྱུན་གྱི་ཤོག་བུ་བཟོ་སྟངས་ལ་དམར་ཁྲིད་ཞུ་ཐུབ་པ་བྱུང་། ཁྱེད་ཚོས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཞེས་པའི་རྩོམ་ཐུང་དེ་བཀླགས་རྗེས་ད་དུང་ང་ཚོའི་ཚོང་རྫས་སུ་ཉར་བའི་མཛེས་སྡུག་ལྡན་པའི་སྒྱུ་རྩལ་དངོས་རྫས་འགྲེམ་སྟོན་ལ་ངེས་པར་གཟིགས་གནང་རོགས། དེ་རུ་ད་དུང་དངོས་རྫས་རྩ་ཆེན་འགའ་བཙོང་རྒྱུ་ཡོད།

གལ་ཏེ་ཁྱེད་རང་ཐེངས་འདིའི་མཛད་སྒོར་ཞུགས་མ་ཐུབ་ན་ཐེངས་རྗེས་མར་ཞུགས་པར་ང་ཚོས་དགའ་བསུ་བྱེད། འདིར་དམིགས་བསལ་གསལ་བསྒྲགས་ཞུ་རྒྱུ་ཞིག་ལ། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་ནས་བོད་ཀྱི་ཕུན་སུམ་ཚོགས་པའི་འདྲེ་སྒྲུང་གི་སྣང་ཚུལ་དེ་སྟོན་ཆེད། འདི་ལོའ་ིཨ་རིའི་སྲོལ་རྒྱུན་གྱི་གདོན་འདྲེའི་དུས་ཆེན་དང་སྟབས་བསྟུན་གྱིས་སྤྱི་ཟླ་ ༡༠ བའི་ཚེས་ ༢༤ ཉིན་གྱི་དགོང་མོ་བོད་ཀྱི་འདྲེ་སྒྲུང་བཤད་པའི་འགྲན་བསྡུར་ཞིག་སྤེལ་གྱི་ཡིན། འདྲེ་སྒྲུང་གི་རྩོ མ་ཡིག་རྒྱལ་སྤྱི་ཁྱོན་ནས་བསྡུས་པའི་ནང་ནས་ཕུལ་བྱུང་འདྲེ་སྒྲུང་ལྔ་བདམས་ནས་དགོང་མོ་དེར་དམིགས་བསལ་གདན་ཞུས་སྐུ་མགྲོ ན་གྱིས་གྱེར་ཀློག་གནང་རྒྱུ་དང་། ཚོགས་ཁང་ལ་དངོས་ཞུགས་སམ་དྲ་ཐོག་ནས་ཞུགས་པའི་ཉན་པ་པོ་རྣམས་ཀྱིས་འདྲེ་སྒྲུང་ལྔ་བོ་དེ་ལ་འོས་འཕེན་གྱིས་རྩེར་ཕུད་གསུམ་བདམས་པ་ལ་རིམ་པ་གསུམ་གྱི་བྱ་དགའ་འབུལ་རྒྱུ་ཡིན། འགྲན་བསྡུར་གྱི་གྲས་སུ་ཚུད་པའི་འདྲེ་སྒྲུང་ལྔ་བོ་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་རྒྱའི་ཐོག་ནས་བོད་དབྱིན་སྐད་གཉིས་ཀྱི་ལམ་ནས་དཔེ་སྐྲུན་བྱེད་རྒྱུ་ཡིན། ང་ཚོས་བོད་ཕྱི་ནང་གཉིས་ཀ་ནས་འདྲེ་སྒྲུང་ཤེས་མཁན་རྒན་གཞོན་རྣམས་ཀྱིས་ང་ཚོ་ལ་འདྲེ་སྒྲུང་གི་རྩོམ་ཡིག་བསྐུར་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད། ང་ཚོའི་དྲ་ཚིགས་ལས་དབྱིན་ཡིག་དང་བོད་ཡིག་གཉིས་ཀྱི་རྩོམ་ཡིག་འབུལ་སྟངས་ཀྱི་ལམ་སྟོན་ཡི་གེ་བལྟ་ཐུབ།

ཉེ་བའི་ལོ་འགའི་རིང་། ངེད་དཔེ་མཛོད་ཁང་གིས་ངེད་ཚོའི་ལས་རོགས་རྣམས་དང་མཉམ་དུ་དཀའ་ངལ་ལ་མ་འཛེམ་པར་བོད་ས་གནས་ཁག་གི་དམངས་སྒྲུང་དང་། དམངས་ཁྲོད་རྩོམ་རིག་དང་སྲོལ་རྒྱུན་གྱི་སྐོར་དང་། བོད་མི་རྒན་པའི་ངག་རྒྱུན་ལོ་རྒྱུས་ལ་སོགས་བསྡུ་སྒྲིག་བྱས་པ་སྟེ། རིགས་མི་འདྲ་བའི་སྤྱི་ཚོགས་ཀྱི་གྲུ་ག་སོ་སོ་ན་ཡོད་པའི་སྡེ་མི་རྒན་པ་དང་། རོལ་མོ་བ་དང་། ལྷམ་བཟོ་བ་སོགས་ཀྱི་ཉམས་མྱོང་དང་ཤེས་ཡོན་ཕྱོགས་གཅིག་ཏུ་དྲིལ་བའི་ངག་རྒྱུན་གྱི་ལོ་རྒྱུས་འདི་དག་གིས་གཅིག་དགུ་ང་དགུ་ལོའི་སྔ་གཞུག་གི་བོད་ཀྱི་ལོ་རྒྱུས་ཡང་མངོན་པར་བྱེད། ད་ལྟ་ང་ཚོས་དགའ་བ་འབུམ་གྱིས་མྱོས་ཏེ་ཁྱེད་ཅག་ལ་གསལ་བསྒྲགས་བྱེད་འདོད་པ་ནི་སྔར་མེད་པའི་བོད་ཀྱི་ལོ་རྒྱུས་ཁག་དྲུག་ཐེངས་དང་པོར་ང་ཚོའི་དྲ་ཐོག་གི་ངག་རྒྱུན་ལོ་རྒྱུས་ཡིག་ཚགས་དུ་འཀོད་ཡོད་ལ། འདི་ནི་ང་ཚོས་མཚར་དུ་དངར་བའི་བོད་ཀྱི་རིག་གནས་ལ་ཕུལ་བའི་ལེགས་སྐྱེས་ཆུང་ངུ་ཞིག་ཡིན།

ད་ལོའི་དབྱར་ཁར། ང་ཚོས་སོག་པོའི་རྒྱལ་ཁབ་ནས་ཚོགས་པའི་སྐབས་བཅུ་གསུམ་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་མ་དངུལ་གྱི་མཐུན་རྐྱེན་བསྐྲུན་པ་མ་ཟད། ཚོགས་འདུ་དེར་ཐེངས་དང་པོར་ཞུགས་པའི་ན་གཞོན་འགའ་ལ་ཡང་རོགས་རམ་བྱས་པ་ཡིན། ཚོགས་འདུ་དེར་ད་དུང་ད་བར་ང་ཚོས་རིག་གནས་ཤུལ་བཞག་དང་སྲུང་སྐྱོང་གི་ལས་གཞིར་རྒྱབ་སྐྱོར་ཇི་ལྟར་བྱས་པའི་སྐོར་ལ་གཏམ་བཤད་ཅིག་སྤེལ་བ་དང་།  དེ་བཞིན་སོག་པོའི་ཚན་རིག་ཁང་དང་སོག་པོའི་སློབ་ཆེན་དང་མཉམ་འབྲེལ་བྱས་ནས་སོག་པོ་རྒྱལ་ཡོངས་གླུ་གར་ཚོགས་པའི་ཁྲབ་སྟོན་ཞིག་གཟིགས་འབུལ་ཞུ་བར་སྦྱིན་བདག་བྱས།

ད་དུང་དགའ་སྤྲོའི་ངང་གསལ་བསྒྲགས་བྱ་རྒྱུ་ཞིག་ལ། ང་ཚོས་ཞིབ་འཇུག་སློབ་མའི་སློབ་ཡོན་རོགས་རམ་གྱི་ལས་གཞི་གསར་པ་ཁ་ཤས་འགོ་བརྩམས་ཡོད། གཅིག་ནི་བུད་མེད་ཚོར་ཚན་རིག་གི་སློབ་གསོ་འཐོབ་པའི་ཆེད་དུ་དམིགས་པ་སྟེ། རོགས་དངུལ་འདི་ནི་ཉེ་དུས་སུ་སློབ་ཆེན་ལས་མཐར་ཕྱིན་ཏེ་རང་བྱུང་ཚན་རིག་གི་བརྗོད་བྱའི་ཐོག་ལ་ཞིབ་འཇུག་སློབ་མ་དང་འབུམ་རམས་རིམ་པའི་སློབ་གཉེར་བྱེད་མཁན་སློབ་མ་རྣམས་ལ་དམིགས་པ་དང་། 

རོགས་དངུལ་གཉིས་པ་དེ་ཁྲིམས་ལུགས་དང་ཚོང་ལས་བཀོད་སྒྲིག་གི་ཆེད་ལས་སྦྱོང་བརྡར་གྱི་སློབ་ཡོན་ཡིན་པ་སྟེ། འདི་ནི་བུད་མེད་ཆེད་ལས་པ་ཚོར་ཁྲིམས་ལུགས་དང་ཚོང་ལས་སྐོར་ལ་ཞིབ་འཇུག་སློབ་མའི་སློབ་སྦྱོང་ལ་རོགས་རམ་བྱེད་རྒྱུ་དེ་ཡིན།  འདིའི་སྐོར་ལ་ང་ཚོའི་དྲ་ཚུགས་སྟེང་གི་སློབ་ཡོན་ཤོག་སྡེབ་ལས་ཞིབ་པར་གཟིགས་རོགས།

མཐའ་མར། འུ་ཅག་གིས་ཉེ་ཆར་པར་སྐྲུན་ཟིན་པའི་དཔེ་དེབ་ཁག་ལ་གཟིགས་རོགས། ཉིས་སྟོང་བཅུ་གཅིག་ལོར་རྒྱལ་སྤྱིཻའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པའི་སྟེང་སྤེལ་བའི་རྩོམ་ཡིག་དག་ལས་གྲུབ་པའི་པོད་གསུམ་ཅན་གྱི་དེབ་ཕྲེང་ལས་པོད་དང་པོ་ད་ལྟ་www.blurb.comསྟེང་ཉོ་ཐུབ། པོད་འདིའི་ནང་མི་འབོར་དང་དེའི་ཤུགས་རྐྱེན་དང་། རྒྱལ་ཁབ་ཀྱི་སྲིད་ཇུས། རིག་གནས་དང་ལག་རྩལ། བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་དང་གནད་དོན་སོགས་ཀྱི་སྐོར་དཔྱད་པ་བྱས་པའི་རྩོམ་ཡིག་བཀོད་ཡོད།

ལ་རྩེ་དུས་དེབ་ཐེངས་བདུན་པ་(༢༠༡༡ — ༢༠༡༢)འདི་ད་ལྟ་ང་ཚོའི་དྲ་རྒྱའི་སྟེང་ཐོན་ཡོད། ད་རེས་ཀྱི་འདོན་ཐེངས་འདི་བོད་ཀྱི་གློག་བརྙན་བརྗོད་བྱའི་ཐོག་ལ་རྐང་འཛིན་བྱས་ཡོད་པ་དང་། གདན་ཞུས་རྩོམ་སྒྲིག་པ་ཆོས་ཉིད་དབང་མོ་༼ཧྥ་རན་སི།༽མཆོག་གི་སློབ་སྟོན་འོག་ལ། བོད་ཀྱི་མཁས་པ་དང་གློག་བརྙན་སྒྲིག་བཟོ་བ་དག་གི་རྩོམ་ཡིག་སྤེལ་ནས་སྤྱི་ལོ་༡༩༥༠ནས་བཟུང་བོད་ཀྱི་གློག་བརྙན་གྱི་སྒྱུ་རྩལ་སྐོར་ལ་འཕེལ་རྒྱས་ཇི་ལྟར་བྱུང་ཡོད་པའི་སྐོར་ལ་ཉམས་ཞིབ་བྱས་ཡོད།

མཇུག་མཐར། ང་ཚོའི་༢༠༡༡ནས་༢༠༡༢ལོའི་2011–2012 བྱེད་སྒོའི་སྙན་ཐོ་ ང་ཚོའི་དྲ་ཚུགས་སྟེང་བཀོད་ཡོད་པ་དང་། དེ་རུ་བོད་ཁུལ་ནས་བྱུང་བའི་ངོ་མཚར་ཅན་གྱི་གཏམ་རྒྱུད་མང་པོ་ཡོད། ཁྱེད་ཚོས་བོད་ཀྱི་བརྩེ་འཕྲིན་ལས་འཕྲོས་པའི་གོམས་སྲོལ་དང་། བོད་ཀྱི་གསོ་བ་རིག་པའི་མདུན་ལྗོངས། བོད་ཀྱི་རྩིས་འཁོར་ཡིག་གཟུགས་ཀྱི་འཕེལ་རྒྱས་ཀྱི་སྐོར་སོགས་གང་རུང་ཞིག་ཀློག་གིན་ཡོད་ནའང་། བོད་རིགས་ཀྱི་གཏམ་རྒྱུད་དང་། འཚོ་བ། གོམས་སྲོལ་སོགས་ལ་རྒྱུས་ལོན་བྱེད་པར་ངས་དགའ་བསུ་བྱེད། འདི་ལྟར་ལོ་ངོ་ཉི་ཤུ་ལྷག་འདས་པའི་རྗེས་སུ། ང་ཚོས་ད་དུང་ནེའུ་ཡོག་ནས་ལྷ་ས་བར་གྱི་མིའི་རིགས་ཀྱི་སྤྱི་ཚོགས་དང་འཚོ་བ་གོང་དུ་སྤེལ་བའི་བྱ་གཞག་འདི་རྒྱུན་མ་ཆད་པར་མུ་མཐུད་དུ་གཉེར་བཞིན་མཆིས།

གལ་ཏེ་ཁྱེད་ཚོར་སྤྲོ་བ་ཡོད་ན། ང་ཚོའི་དྲ་ཚུགས་ལས་GlobalGiving campaign ལ་གཟིགས་དང་། དེ་ལས་ང་ཚོས་ཆེད་ལས་མི་འདྲ་བའི་བོད་ཀྱི་འབུམ་རམས་དང་རབ་འབྱམས་སློབ་མ་༣༠ཡི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་ཡོངས་སུ་ཁེབས་པར་བྱ་བའི་འཆར་གཞི་ཡོད་ལ། དེར་ད་དུང་ཨ་སྒོར་༧༨༠༠༠མཁོ་བས། ཚང་མས་རྡོག་རྩ་་གཅིག་སྒྲིལ་བྱས་ན་ཞལ་འདེབས་ཆུང་ཆུང་ཞིག་གིས་ཀྱང་ང་ཚོས་སློབ་གསོའི་གོ་སྐབས་རྒྱ་སྐྱེད་དང་མི་རབས་གསར་བ་ཞིག་གི་ཁ་ཕྱོགས་སྒྱུར་བར་ནུས་ཤུགས་ཆེན་པོ་བསྐྲུན་ཐུབ་བོ།

ཁྱེད་ཅག་གི་རོགས་སྐྱོར་ལ་བཀའ་དྲིན་ཆེ་ཞེས་ཡང་ཡང་ཞུ་བ་དང་། ཚང་མར་དབྱར་དུས་སྐྱིད་པོ་ཞིག་རོལ་བའི་སྨོན་འདུན་དང་བཅས།

 

ཕྱི་འབྲེལ་དང་མ་དངུལ་འདུ་བཀོད་འགན་འཛིན་ཕོ་ལ་བན་ཛོ་ནས་ཕུལ།