You are here

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་འདོན་ཐེངས་༡པོ།

འདི་ནི་ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་གི་སྐབས་དོན་གསར་འཕྲིན་གྱི་འདོན་ཐེངས་དང་པོ་ཡིན། ཐོག་མར་ང་ཚོས་ལ་རྩེ་དཔེ་མཛོད་ཁང་ལ་ཐུགས་སྣང་གིས་སྐབས་དོན་གསར་འཕྲིན་འདི་ལ་གཟིགས་མཁན་རྣམས་ལ་སྐུ་བདེ་མཛད་འཕེལ་ཡིན་པའི་བཀྲ་ཤིས་བདེ་ལེགས་ཞུ།
སྐབས་དོན་གསར་འཕྲིན་ཞེས་དུས་ཚང་མས་མཁྱེན་གསལ་ལྟར།དཔེ་མཛོད་ཁང་འདིས་ཉེ་ཆར་སྤེལ་ཟིན་པ་དང་མི་འགྱངས་པའི་ཆར་སྤེལ་འཆར་གྱི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ལས་འགུལ་རྣམས་གཟིགས་པོ་རྣམས་ལ་གསར་འཕྲིན་འདིའི་ལམ་ནས་འབུལ་འཆར་ཡིན། དེ་མ་ཟད་ང་ཚོས་དཔེ་མཛོད་ཁང་འདིའི་ནང་ལ་ད་ཕན་བསགས་ཡོད་པ་དང་གསར་དུ་འབྱོར་བཞིན་པའི་དཔྱད་གཞིའི་རྒྱུ་ཆ་དམིགས་བསལ་ཅན་དག་སྐྱར་ཞིབ་ཀྱི་ལམ་ནས་གཟིགས་པ་པོ་རྣམས་ལ་ངོ་སྤྲོད་དང་མཚམས་སྦྱོར་གནང་བར་འདོད། ང་ཚོས་ཀློག་པ་པོ་རྣམས་ཀྱིས་ཀྱང་དམིགས་བསལ་ཐུགས་སྣང་བྱུང་བའི་བོད་ཀྱི་རིག་གཞུང་དང་འབྲ ེལ་བའི་དཔེ་དེབ་ཀྱི་རིགས་དང་། གློག་བརྙན། སྒྲ་ཐག་དང་བརྙན་ཐག་སོགས་ལ་སྐྱར་ཞིབ་ཀྱི་ལྗགས་རྩོམ་ང་ཚོ་ལ་བསྐུར་ནས་ང་ཚོའི་ལས་གཞི་འདི་ལ་རྒྱབ་སྐྱོར་གནང་བའི་རེ་བ་བྱེད་ཀྱི་ཡོད།    
དེ་་དང་མཚུངས་སུ་ང་ཚོསགྱི་་སྐབས་དོན་གསར་འཕྲིན་འདི་ཀྲུང་གོའི་ཕྱི་ནང་གི་བོད་ཀྱི་རྩོམ་པ་པོ་དངརྩོམ་རིག་ཞིབ་འཇུག་པ་དག་གི་བར་ལ་ཕན་ཚུན་ཤེས་རྟོགས་ཀྱི་ཟམ་ཆུང་ཞིག་ཏུ་འགྱུར་བའི་རེ་བ་ཡང་བྱེད་ཀྱི་ཡོད། དེ་ནི་ཀྲུང་གོའི་ཕྱི་རོལ་ན་གནས་པའི་བོད་ཀྱི་རྩོམ་པ་པོ་དང་དེ་དག་གི་བརྩམས་ཆོས་སོགས་ཀྲུང་གོ་ན་གནས་པའི་བོད་ཀྱི་རྩོམ་རིག་པ་དང་ཞིབ་འཇུག་པ་ལ་ངོ་སྤྲོད་ཞུ་རྒྱུ་དང་། ཀྲུང་གོའི་ཁོངས་ན་གནས་པའི་བོད་ཀྱི་རྩོམ་པ་པོ་དང་དེ་དག་གི་བརྩམས་ཆོས་སོགས་དབྱིན་སྒྱུར་གྱིས་རྒྱལ་སྤྱིའི་སྟེང་ལ་ངོ་སྤྲོད་ཞུ་རྒྱུ་ཡིན།
ཡང་ཚང་མས་མཁྱེན་གསལ་ལྟར། འདས་མ་ཐག་པའི་དུས་རབས་ཀྱི་ལོ་རབས་བརྒྱད་ཅུ་ནས་བཟུང་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་གང་མང་ཞིག་གིས་བོད་རང་གི་སྲོལ་རྒྱུན་གྱི་རྩོམ་རིག་ལ་
སློབ་སྦྱོང་དང་ཉམས་ལེན་བྱས་པའི་སྟེང་།  རྒྱ་ཡིག་གི་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གཙོས་པའི་མི་རིགས་དང་རྒྱལ་ཁབ་གཞན་གྱི་རྩོམ་རིག་ལ་སློབ་སྦྱོང་དང་ཉམས་ལེན་གྱིས་བོད་ཀྱི་རྩོམ་རིག་ལ་རྩོམ་ལམ་གསར་བ་ཕྱེ་བ་དང་འབྱེད་བཞིན་པ་རེད། དེ་ལ་རམ་འདེགས་ཀྱི་ཚུལ་དུ། འདི་ག་དཔེ་མཛོད་ཁང་ནས་སྐབས་རེར་དེང་གི་དུས་འདིར་ཕྱིའི་རྒྱལ་ཁབ་ལ་གྲགས་ཆེ་བའི་རྩོམ་པ་པོ་དག་ངོ་སྤྲོདང་དེ་དག་གི་རྩོམ་ཐུང་འགའ་རེ་དང་། རྩོམ་རིག་གི་ལྟ་བ་གསར་པ་འགའ་རེ་ཡང་བོད་ཡིག་ཏུ་བསྒྱུར་ནས་ངོ་སྤྲོད་ཞུ་འདོད་ཡོད།
འདོན་ཐེངས་དང་པོ་འདིའི་ནང་ལ་ང་ཚོས་ད་ལོའི་སྤྱི་ཟླ་གསུམ་པའི་ནང་ལ་སྤེལ་བའི་དཔེ་མཛོད་ཁང་འདིའི་སྒོ་འབྱེད་མཛད་སྒོའི་རྟེན་འབྲེལ་གྱི་བྱུང་རིམ་རྣམས་བཀོད་ཡོད། དཔེར་་ན་འདོན་ཐེངས་འདིའི་ནང་དུ་ངོ་སྤྲོད་བྱས་པའི་རྩོམ་པ་པོ་གངས་ཞུན་ཡང་མཛད་སྒོ་དེར་ཞུགས་ནས་རང་གི་སྙན་རྩོམ་ལྗགས་ཀློག་གནང་བ་དང་བོད་ཀྱི་རྩོམ་རིག་གི་ལྟ་ཚུལ་གྱི་སྐོར་ལ་གླེང་མོལ་གནང་།མཇུག་མཐར་རྣམ་པ་ལྷན་རྒྱས་ནས་ཉེ་བར་འཚོག་འཆར་གྱི་དགེ་འདུན་ཆོས་འཕེལ་འཁྲུངས་ནས་ལོ་ངོ་བརྒྱ་་ཐམ་པ་འཁོར་བ་ལ་་རྒྱལ་སྤྱིའི་རྗེས་དྲན་གྱི་ཚོགས་འདུ་དེ་ལ་དམིགས་བསལ་གྱི་ཐུགས་སྣང་གནང་རྒྱུ་དང་། ང་ཚོས་རྣམ་པ་ལྷན་རྒྱས་ནས་གང་མང་མང་ཞིག་ཕེབས་གནང་ཡོད་པའི་རེ་བ་བྱེད་བཞིན་ཡོད།
བཀྲ་ཤིས་བདེ་ལེགས་དང་བཅས་ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་གི་འགན་འཛིན་པད་མ་འབུམ་ནས།

Section: