You are here

གཞི་རྒྱ་ཆུང་བའི་ངང་ནས་ནད་གསོའི་ནུས་པ་ལྡན་པའི་བོད་སྨན་ཐོན་སྐྱེད་བྱེད་པ།

ཟབ་སྦྱོང་གཉེར་བ།

ཡུན་རིང་ཞིང་དཔངས་མཐུག་པའི་དགོན་པའི་བཟོ་ཉམས་ལྡན་པའི་འབོལ་གདན་དག་འདུ་ཁང་དཀྱིལ་གྱི་ཀ་བའི་མཐའ་འཁོར་དུ་སྒོར་མོའི་དབྱིབས་ལྟར་གྲལ་བསྒྲིགས་འདུག་ཕྱིར། བོད་ཀྱི་གསོ་བ་རིག་པའི་སྨན་པ་བཞི་བཅུ་ཐམ་པས་བོད་སྨན་སྨན་པའམ་ཨེམ་ཆི་རྒན་རབས་དྲུག་གི་འགོ་འཛུགས་མཛད་སྒོའི་གཏམ་བཤད་དག་བདེ་བླག་ངང་ཉན་ཐུབ་པར་གྱུར།

ཁོ་ཚོའི་ནང་ནས་མི་ཞིག་གིས་གྲོས་ཚོགས་ཚོགས་འདུའི་དར་དཔྱངས་འོག་ཏུ་ཞབས་གཉིས་དཀྱིལ་ཀྲུང་དུ་བཞུགས་ནས་སྙིང་ཉེ་བའི་སྨན་པ་ཉན་པ་བོ་རྣམས་དང་མིའི་རིགས་ཞིབ་འཇུག་པ་བཞི་ལ་གླེང་སློང་བྱེད་བཞིན་འདུག ཁོང་གིས་གསུངས་དོན། དེང་གི་དུས་ལ་བོད་སྨན་ཐོན་ལས་འཕེལ་རྒྱས་ཕྱིན་ཏེ་སྨན་རྩའི་དགོས་མཁོ་མང་དུ་ཤུགས་ཆེར་ཕྱིན་རྐྱེན་སྨན་གྱི་སྤུས་ཚད་ཉམས་ཞན་དང་སྨན་རྩའི་འབྱུང་ཁུངས་རྫོགས་ལ་ཉེ་བར་སླེབས་འདུག མ་འོངས་བློས་གཏོང་གིས་མིག་མདུན་གྱི་གནས་སྐབས་ཁེ་ཕན་ཐོབ་ཐབས་བྱེད་ཀྱི་འདུག གལ་ཏེ་ང་ཚོས་ད་ལྟ་སྲུང་སྐྱོབ་ལེགས་པོ་ཞིག་མ་བྱས་ཚེ་མ་འོངས་པར་དཀའ་གནད་ཆེན་པོ་འཕྲད་ངེས་རེད། ང་རང་ཆུང་དུས་སྐབས་སུ་ཡང་ང་ཚོར་རྩ་ཆེའི་སྨན་རྩྭ་རིགས་ཉུང་ཉུང་ཞིག་ལས་མེད། འོན་ཀྱང་། ད་ལྟའི་འཕེལ་རྒྱས་ཀྱི་མྱུར་ཚད་ལྟར་ན་ལོ་ངོ་ཉི་ཤུའི་རྗེས་སུ་ང་ཚོར་སྨན་སྦྱོར་ལ་མཁོ་བའི་སྨན་རྩ་མེད་པར་ཆགས་རྒྱུ་རེད། ང་ཚོ་བོད་ཀྱི་གསོ་བ་རིག་པ་ནི་རིན་ཆེན་གྱི་ནོར་བུ་ཞིག་དང་གཉིས་སུ་མེད་པས་དེའི་མ་འོངས་པའི་ཆེད་དུ་དེ་ལ་སྲུང་སྐྱོབ་བྱ་དགོས། གལ་ཏེ་ང་ཚོས་ད་ལྟའི་དུས་སུ་སྣང་མེད་བྱས་ཚེ་མི་རབས་རྗེས་མས་ང་ཚོར་འཁང་ར་བྱེད་ངེས།

འགོ་འཛུགས་མཛད་སྒོའི་གཏམ་བཤད་དམ་བསམ་འཆར་དེ་ཚོ་སྒྲོག་སྦྱང་བྱས་པ་ལས་དུས་ཡུན་ཉིན་བརྒྱད་ཀྱི་ནད་གསོའི་ནུས་པ་ལྡན་པའི་བོད་སྨན་ཐོན་སྐྱེད་ཅེས་པའི་གྲོས་ཚོགས་འགོ་བཙུགས་པའི་བརྡ་བཏང་བ་རེད། ནད་གསོའི་ནུས་པ་ལྡན་པའི་བོད་སྨན་ཐོན་སྐྱེད་ཀྱི་གོ་དོན་ནི་སྤུས་ཚད་དང་ལྡན་པ། ནུས་པ་ལྡན་པ། གསོ་རིག་གི་ལུགས་དང་ལྡན་པ། སྟོང་ཉེན་ཅན་ཀྱི་ཤེས་བྱ་ལྡན་པ་བཅས་ཡིན། ཚོགས་འདུ་དེ་ཀུན་ཕན་ཐེབས་རྩ་ཚོགས་པ་དང་དེ་བཞིན་བལ་ཡུལ་ཀཱ་ཏཱ་མཎ་ཌུ་ནང་གི་ཚོགས་པ་འགའ་ཞིག་གི་རོགས་རམ་འོག་སྤྱི་ལོ་༢༠༡༡ལོའི་ཟླ་༡༢ཚེ་༥ནས་༡༢བར་འཚོགས་པ་རེད། གོང་གི་སྐད་ཆ་དེ་ཚོས་བོད་སྨན་སྨན་པ་ཚོར་དེང་གི་དུས་སུ་འཕྲད་བཞིན་པའི་དངོས་ཡོད་གནད་དོན་ལ་འགྲེལ་བཤད་བྱས་པ་རེད། དེ་ཡང་དོན་དངོས་གནད་དོན་ཁག་ནི་མི་རབས་གཅིག་ནས་གཅིག་གིས་ཉམས་ལེན་དང་ལག་རྩལ་རྒྱུན་འཛིན་བྱེད་པའི་ལྷན་སྐྱེས་ཀྱི་ཁྱད་ཆོས་ཉག་ཕྲ་བ་དང་། ཕུག་འཕེར་གྱི་སྨན་རྩ་བཏུ་བའམ་འདེབས་གསོའི་ཐོག་ལ་ཡུན་རིང་གི་ཐབས་ཇུས་རྩ་བ་ནས་མེད་པར་དར་རྒྱས་འགྲོ་བཞིན་པའི་བོད་སྨན་ཐོན་ལས་ཤིག་གི་གཡོལ་ཐབས་མེད་པའི་ཞན་ཆ། དེ་བཞིན་སྨན་རྩ་དང་སྟོང་ཉེན་ཅན་གྱི་ཤེས་བྱ་གཉིས་ཀྱི་སྲུང་སྐྱོབ་གནད་དོན་བཅས་སོ།།

གྲོས་ཚོགས་འདི་འཚོགས་རྒྱུའི་ཐོག་མའི་བསམ་ཚུལ་ནི་སྤྱི་ལོ་༢༠༠༩ལོར་ཨ་ཤི་ཡ་སྲོལ་རྒྱུན་གསོ་རིག་གི་རྒྱལ་སྤྱིའི་ཚོགས་འདུ་ཆེན་མོའི་སྐབས་སུ་རྩོམ་ཡིག་འདིའི་རྩོམ་པ་པོ་གཉིས་དབར་ལ་གཏམ་གླེང་བྱས་པ་ལས་བྱུང་བ་ཞིག་རེད། གྲོས་ཚོགས་འདིའི་དམིགས་འདུན་ནི་སྨན་པའི་སྡེ་ཁག་མི་འདྲ་བ་རྣམས་གཅིག་ཏུ་བསྡུས་ནས་ཁོ་ཚོ་དབར་ཤེས་བྱ་བརྗེ་རེས་དང་ཚད་ལྡན་མ་ཡིན་པའི་བོད་སྨན་ཐོན་སྐྱེད་ཐོག་ལ་དེ་བས་ཤེས་རྟོགས་དང་ཟིན་ཐོ་འགོད་རྒྱུ་དེ་ཡིན། འབྲུག་ཡུལ་ནང་གི་ཚོགས་འདུ་དང་དེ་མིན་གྱི་འདུ་ཚོགས་དབར་བསྡུར་བ་ཞིག་བྱས་ན། ང་ཚོས་ད་ཐེངས་དེ་སྔོན་རྒྱལ་སྤྱིའི་ཚོགས་འདུར་ཞུགས་པའི་གོ་སྐབས་མ་ཐོབ་པ་དང་སྒྲིག་གཞི་ཅན་གྱི་ཚན་པར་གཏོགས་པའི་བོད་སྨན་རྩེར་སོན་མི་སྣ་མ་ཡིན་པའི་སྨན་པ་དག་མཉམ་དུ་བསྡུ་རུབ་བྱ་རྒྱུ་ཡིན། གླིང་ཆེན་གསུམ་དང་སྐད་རིགས་འགའ་ཞིག་ཐོག་དུས་ཡུན་ལོ་ངོ་གཉིས་ཙམ་རིང་གྲ་སྒྲིག་བྱས་རྗེས། མཐར་ང་ཚོ་མཉམ་དུ་འདུས་ཏེ་ངེས་པ་ཆེར་མེད་པའི་མི་ཚོགས་ཤིག་གིས་ལྷ་ས་ནས་ཕེབས་པའི་བཀུར་བར་འོས་པའི་སྨན་པ་དང་དགེ་རྒན་གྱི་གཏམ་བཤད་ཉན་རྒྱུ་བྱུང་བ་རེད། ང་ཚོའི་དམིགས་ཡུལ་ནི་སྨན་པ་ཚོར་ཐུན་མོང་མ་ཡིན་པའི་གོ་སྐབས་ཤིག་སྤྲད་དེ་ང་ཚོ་སྒེར་དང་མཉམ་རོལ་གྱི་ཞིབ་འཇུག་ཁེ་ཕན་ལ་དོ་སྣང་ཐོག་ཕན་ཚུན་སློབ་སྦྱོང་བྱ་རྒྱུ་དང་། དེ་བཞིན་ཤེས་བྱ་མཉམ་རོལ་རྣམ་པར་དག་པ་ཞིག་ཡོང་བ་གང་ཞིག་ལ་མི་རིགས་འཆམ་མཐུན་ཆབས་ཅིག་ཏུ་ཡོང་བ་བྱ་རྒྱུ་དེ་ཡིན། ཚོགས་ཞུགས་པ་འགའ་ཞིག་ཟི་ལིང་ནས་ལྷ་ས་དང་དེ་རྗེས་བལ་ཡུལ་ཀཱ་ཏཱ་མཎ་ཌུ་བར་སྐམ་ས་བརྒྱུད་ནས་ཕེབས་པ་རེད། འགའ་ཞིག་བལ་ཡུལ་གྱི་རི་ཁུལ་ལམ་ཡང་ན་ལ་དྭགས་ནས་རྒྱ་གར་ལྡི་ལི་བརྒྱུད་ནས་ཕེབས་པ་རེད། ཚོགས་ཞུགས་མི་སྣ་ཚོའི་ན་ཚོད་ནི་རང་ལོ་ཉི་ཤུ་ནས་བརྒྱད་ཅུ་ཡོལ་ཙམ་ཡིན་པ་དང་ཁོ་ཚོ་ས་ཁམས་འདྲ་མིན་དང་། སྤྱི་ཚོགས་དཔལ་འབྱོར་འདྲ་མིན། སྒྲིག་གཞིའི་གནས་སྟངས་འདྲ་མིན་འོག་གསོ་རིག་ལག་ལེན་བྱེད་མཁན་གྱི་སྐྱེས་བུ་དག་ཡིན། སྤྱིར་ན་ཚོགས་ཞུགས་པ་ཚང་མས་རང་ཉིད་སྨན་པ་གོང་མའི་ཁྱད་ལྡན་གསོ་རིག་ལུགས་ཤིག་ལ་གཏོགས་པ་མ་ཟད་བོད་སྨན་གྱི་སྡེབ་སྦྱོར་མན་ངག་མྱུར་པོའི་ངང་ཚོང་ལས་ཅན་དང་ཚད་ལྡན་གྱི་འབོར་གྲངས་ཆེ་བའི་ཐོན་སྐྱེད་ཅན་ལ་བསྒྱུར་བ། སྐྱེ་དངོས་སྨན་རྫས་ལས་བྱུང་བའི་སྨན་རྫས་དོ་དམ་སྒྲིག་གཞི་ལག་བསྟར་བྱེད་པའི་དུས་རབས་འདིའི་སྐབས་སུ་ཡང་ད་དུང་རང་ཉིད་ཀྱིས་སྨན་རྫས་སྡེབ་སྦྱོར་བྱེད་པ་དང་སྨན་ཤོག་འབྲི་བ་བཅས་བྱེད་པའི་དངོས་དོན་ལ་བརྟེན་ནས་ལོགས་སུ་དབྱེ་པར་བྱེད་ཀྱིན་ཡོད། ད་ཐེངས་ཀྱི་ཞིབ་གྲོས་ཚོགས་འདུར་ཞུགས་པའི་བུད་མེད་སྨན་པ་གཅིག་པུ་དེ་ལ་དྭགས་ནས་ཕེབས་པ་ཞིག་རེད། འོན་ཀྱང་། གསོ་བ་རིག་པའི་འདས་དང་ད་ལྟ། མ་འོངས་བཅས་ཀྱི་བུད་མེད་སྨན་པའི་གནས་བབ་དེ་གཟའ་འཁོར་དེའི་རིང་གི་ཧུར་པོའི་སྒོ་ནས་གྲོས་བསྡུར་བྱེད་པའི་བརྗོད་གཞི་ཞིག་ཆགས་པ་རེད། གྲོས་ཚོགས་འདིས་ང་ཚོ་མིའི་རིགས་ཞིབ་འཇུག་མཁན་ཚོར་སྐྱེས་སུ་ཕུལ་བ་ནི་མི་རིགས་དཔྱད་ཞིབ་རིག་པའི་ཐོག་གི་ཞིབ་འཇུག་ཐབས་ལམ་གསར་པ་ཞིག་ཡིན། དེ་སྔོན་ང་ཚོའི་བོད་ཀྱི་གསོ་བ་རིག་པའི་ཐོག་གི་མི་སྒེར་གྱི་ཡུལ་དངོས་ལས་ཀ་མང་ཤས་ཤིག་དང་བསྡུར་བ་བྱས་ན་ད་ཐེངས་ང་ཚོས་མིའི་རིགས་རིག་པར་ནང་སྦྱོང་བྱེད་ཆེད་ཀྱི་མཉམ་རོལ་གླེང་སྟེགས་ཤིག་བསྐྲུན་ཡོད། དེ་ཡང་ང་ཚོའི་ཞིབ་འཇུག་གི་ཁེ་ཕན་མཉམ་འདྲེས་བྱས་ཏེ་སྨན་པ་ཚོའི་དོ་སྣང་བརྒྱུད་མངོན་པར་བྱས་ཡོད། ཀྲུང་གོའི་བོད་ཁུལ་དང་རྒྱ་གར་རམ་ཡང་ན་གསོ་བ་རིག་པ་ཁྲིམས་མཐུན་ཆགས་རྒྱུར་ཁྲིམས་ཀྱི་སྟོང་ཆ་ལྡན་པའི་བལ་ཡུལ་ཡིན་ཡང་ཆོག གང་ལྟར་བོད་སྨན་ཐོན་ལས་མྱུར་པོའི་ངང་དར་རྒྱས་དང་རྒྱ་ཁྱབ་འགྲོ་བཞིན་པའི་དུས་རབས་འདིར། གནས་སྐབས་དང་ཡུན་རིང་གི་གཞི་རྒྱ་ཆུང་ཞིང་ཚད་ལྡན་ཅན་མ་ཡིན་པའི་བོད་སྨན་ཐོན་སྐྱེད་དང་ད་དུང་ད་ལྟའི་གནས་སྟངས་བཅས་ཀྱི་ཐོག་ལ་ང་ཚོས་དོ་སྣང་བྱས་པ་ཡིན། སྨན་པ་ཡིན་ཡང་འདྲ་མིའི་རིགས་ཞིབ་འཇུག་མཁན་ཡིན་ཡང་འདྲ་གང་ལྟར་ཕྱོགས་གཉིས་ཀས་ཕན་ཚུན་སློབ་སྦྱོང་བྱ་འདོད་ཆེན་པོ་ཡོད་པ་རེད། ང་ཚོའི་དམིགས་ཡུལ་ནི་བོད་སྨན་ཐོན་སྐྱེད་དང་འབྲེལ་བའི་ཤེས་བྱ་དཔེར་ན། ལག་རྩལ་དེ་སློབ་སྦྱོང་བྱ་ཆེད་ཀྱི་སློབ་སྟོན་དང་དངོས་ཁྲིད་བྱ་ཐབས་ལྟ་བུ་ཟིན་ཐོའམ་ཡིག་ཐོག་ཏུ་འགོད་པ་དང་ཁུངས་ཐུབ་པ་བཟོ་རྒྱུ་དེ་ཡིན། ང་ཚོས་གཙོར་སྨན་རྩ་ངོས་འཛིན་དང་སྨན་རྩའི་འབྱུང་ཁུངས་དང་། སྨན་མ་བཟོས་གོང་གི་གྲ་སྒྲིག སྦྱོར་སྡེ་སྦྱོར་ཐབས་ལྟ་བུ་ཐབས་ལམ་འདྲ་མིན་གྱི་ཐོག་ནས་སྨན་སྦྱོར་བྱ་ཐབས་གཅིག་འགྱུར་བཟོ་རྒྱུའི་ཐོག་ལ་དོ་སྣང་བྱས་པ་ཡིན། གཟའ་འཁོར་གཅིག་རིང་གི་ཞིབ་གྲོས་ཚོགས་འདུའི་ཐོག་རྩ་ཆེ་བའམ་སྟོང་ཉེན་ཅན་གྱི་སྦྱོར་སྡེབ་ཀྱི་ཚབ་བྱེད་དངོས་པོ་དང་སྡེབ་སྦྱོར་མན་ངག་ཚད་ལྡན་བཟོ་རྒྱུའི་གལ་འགངས་ཆེ་བའི་བརྗོད་གཞི་དེའི་ཐོག་ལ་གྲོས་བསྡུར་ཐེངས་མང་བྱས། མ་གཞི་ཚབ་བྱེད་དངོས་པོའི་ཐོག་ལ་ཚད་ལྡན་གྱི་བསམ་འཆར་རམ་མཐའ་མའི་མཇུག་བསྡོམས་བྱུང་མེད་ཀྱང་གྲོས་བསྡུར་དེ་ལས་ཚབ་བྱེད་དངོས་པོ་བེད་སྤྱོད་བྱེད་ཕྱོགས་ཐོག་ལ་བྱ་ཐབས་རིམ་པ་འདྲ་མིན་སྤེལ་རྒྱུར་མོས་མཐུན་དང་དེ་བཞིན་དམིགས་བསལ་གྱི་གནས་སྐབས་སུ་ཚབ་བྱེད་དངོས་པོ་ཅི་འདྲ་ཞིག་ཧ་ཅང་བེད་སྤྱོད་རུང་བའི་ཐོག་ལ་གཅིག་འགྱུར་མོས་མཐུན་ཡོང་ཐུབ་སྲིད་པ་མངོན་གྱིན་འདུག

བོད་སྨན་བཟོ་བ།

མ་གཞི་ང་ཚོས་ཕྱོགས་གང་ས་ཅི་ཐད་ནས་གནད་དོན་དེ་ཚོ་རྟོགས་ཐབས་བྱས་པ་ཡིན་ཀྱང་། མིའི་རིགས་ཞིབ་འཇུག་མཁན་དང་སྨན་པ་གཉིས་ཀས་གནད་དོན་དེ་ཤེས་རྟོགས་བྱེད་པའི་ཐབས་ལམ་ལེགས་ཤོས་ནི། ཐོན་སྐྱེད་ཤེས་བྱ་ཡིག་ཐོག་འགོད་པ་དང་ཐོན་སྐྱེད་བརྒྱུད་རིམ་ཟིན་ཐོར་འགོད་པ་ཙམ་མ་ཡིན་པར་ལག་ལེན་ཐོག་ནས་སྦྱང་རྒྱུ་དེ་ཡིན་པར་གཅིག་འགྱུར་ཐོག་མོས་མཐུན་བྱས་སོང་། ང་ཚོས་མཉམ་དུ་བོད་སྨན་གྱི་སྡེབ་སྦྱོར་མན་ངག་ལས་སྨན་གསུམ་བཟོ་རྒྱུར་ཐག་བཅད། དབང་སྐུར་བ་སོགས་སྔོན་འགྲོའི་གྲ་སྒྲིག་གི་ཉིན་གཉིས་ཀྱི་རྗེས་སུ་ང་ཚོས་མི་རྣམས་ཚོགས་ཆུང་གསུམ་ལ་བགོས་ནས་བོད་སྨན་བཟོ་བའི་དངོས་གཞིའི་ལས་ཀ་འགོ་བཙུགས་པ་ཡིན། ང་ཚོས་བཟོ་དགོས་རྒྱུའི་སྨན་རིགས་གསུམ་པོ་དེ་དག་སོ་སོས་རླུང་མཁྲིས་བད་ཀན་ཏེ། ཉེས་པ་གསུམ་སོ་སོར་དོ་སྙོམ་ཡོང་བ་བྱ་དགོས་རྒྱུར་ཐག་བཅད། དེ་ཚོ་ནི་བོད་ལུགས་གསོ་རིག་གི་ལུས་ཁམས་དང་སེམས་ཁམས་ལ་ཤེས་རྟོགས་བྱ་ཆེད་ཀྱི་སྙིང་བཅུད་ལྟར་གྱི་ཐ་སྙད་དག་ཡིན་པ་དང་དེ་ཚོ་ཟས། སྤྱོད། སྨན་དང་ཕྱི་བཅོས་ལ་བརྟེན་ནས་འགྱུར་བ་ཐུབ་ཀྱི་ཡོད། ང་ཚོས་སྨན་ལ་བརྟེན་ནས་བཅོས་ཐབས་བྱ་རྒྱུ་དེ་གཙོ་ཆེར་འཛིན་པ་དང་ང་ཚོས་བདམས་པའི་སྨན་རིགས་གསུམ་ནི། ཨ་གར་བརྒྱད་པ་དང་། ཏིག་ཏ་བརྒྱད་པ། སེ་འབྲུ་དྭངས་གནས་བཅས་ཡིན་པ་དང་། སྨན་དེ་ཚོས་རླུང་དང་། མཁྲིས་པ། བད་ཀན་བཅས་ཀྱི་དོ་སྙོམ་པར་བྱེད་ཀྱིན་ཡོད་པ་ནི་སྨན་པ་ཚང་མས་ཤེས་ཀྱི་ཡོད།

གྲོས་ཚོགས་འགོ་ནས་མཇུག་བར། སྨན་དེ་ཚོའི་སྨན་རྩའི་འབྱུང་ཁུངས་ཀྱི་ཐུན་མོང་གི་ཆའམ་འགྱུར་བའི་སྐོར་དང་། སྨན་གཞུང་ནང་འཁོད་པའི་སྨན་སྦྱོར་བྱེད་ཐབས་དང་། འབོར་ཚད། སྤུས་ཚད། དེ་བཞིན་དམིགས་བཀར་གྱི་སྦྱོར་སྡེ་བཅས་ཀྱི་ཐོག་ལ་གསོན་ཉམས་ལྡན་པའི་གྲོས་བསྡུར་བྱས་སོང་།

གྲོས་བསྡུར་དེ་ཚོ་གལ་ཆེའི་གནད་དོན་གཞན་དག་དཔེར་ན། ཐུན་ཚད་དང་། ས་ཁུལ་གྱི་འགྱུར་བ། དེ་རྡོ་འཚག་པ་དང་སེ་འབྲུ་གཙང་སེལ། ཨ་གར་གྱི་སྤུས་ཚད་ལ་བརྟག་དཔྱད། ཏིག་ཏ་འདམ་གསེས་བྱེད་པ་དང་ཆབས་ཅིག་གཙང་སེལ་དང་། སྤུས་ཚད། དུག་ཤེད་བཅས་ཀྱི་མཚན་ཉིད་ཀྱི་ཐོག་ལ་གསོན་ཉམས་ལྡན་པའི་གྲོས་བསྡུར་ཚུགས་སོང་། སྨན་རྒྱུ་དེ་དག་གཙང་སེལ་དང་གྲ་སྒྲིག་བྱས་ཚར་རྗེས་ང་ཚོའི་ལས་ཀ་དེ་དམིགས་བཀར་གྱི་སྦྱོར་སྡེ་རྒྱ་མར་འགྱོག་པ་དང་བགོ་བཤའ་རྒྱག་པ་བཅས་ཀྱི་ཕྱོགས་སུ་བསྒྱུར་པ་ཡིན། གྲོས་ཁ་མཐུན་པའི་བསྡུར་ཚད་ནི་སྨན་གཞུང་གཞིར་བཟུང་བ་དང་དེ་བཞིན་དམིགས་བསལ་གྱི་སྨན་པ་རྣམས་ཀྱིས་སྨན་དེ་རིགས་བཟོ་བའི་ཉམས་མྱོང་གི་ཐོག་ལ་མཉམ་སྡེབ་ཀྱིས་གྲོས་མོལ་མང་དག་ཅིག་བྱས་པ་གཉིས་ལས་གཏན་འཁེལ་བྱས། སྨན་པ་ཚོས་དངུལ་ཆུ་དང་བཙོ་ཐལ་གྱི་གནད་དོན་གླེང་སྐབས་ཁོ་ཚོས་ཡང་བསྐྱར་ཕན་འབྲས་ལྡན་པའི་གཏམ་གླེང་མང་པོ་བྱས་སོང་། བཙོ་ཐལ་ནི་བོད་ལུགས་གསོ་རིག་གི་རིན་ཆེན་རིགས་ཀྱི་སྨན་བཟོ་སྐབས་བེད་སྤྱོད་བྱེད་པའི་སྦྱོར་སྡེབ་ཅིག་ཡིན། རིན་ཆེན་རིལ་བུ་དེ་དག་ནད་སྔོན་འགོག་དང་། ནད་བཅོས་པ། དེ་བཞིན་ནད་གཞི་དོད་དྲག་གི་སྐབས་སུ་བེད་སྤྱོད་བྱེད་ཀྱི་ཡོད། དེས་ན་དངུལ་ཆུ་བཙོ་སྦྱང་གི་ལས་དེར་འགན་ལེན་ཏན་ཏིག་བྱེད་དགོས་པ་ཙམ་མ་ཟད་ད་དུང་གཟའ་འཁོར་འགའ་ཞིག་གི་དོ་ནན་དུག་སེལ་བརྒྱུད་རིམ་དེ་དག་ཚུལ་བཞིན་མ་བྱས་ཚེ་འབྱུང་སྲིད་པའི་གནོད་པ་ལྡན་ཡོད། ཚབ་བྱེད་དངོས་པོའི་ཐོག་ལ་གླེང་མོལ་འདི་དང་དེ་ཞེས་བྱེད་བཞིན་སྐབས་སུ་སྨན་པའི་ཚོགས་ཆུང་ཞིག་དང་མིའི་རིགས་ཞིབ་འཇུག་མཁན་གཉིས་ས་གནས་ཀྱི་བོད་སྨན་དང་སྤོས་བཟོ་གྲྭ་ཞིག་ལ་སྨན་རིགས་ཁག་གསུམ་གྱི་སྨན་རྩ་དེ་དག་ཕྱེ་མར་འཐག་བྱེད་ཀྱི་འཕྲུལ་འཁོར་གཡར་པོ་བྱེད་དུ་ཕྱིན།

ཚོགས་ཆུང་གི་ལས་ཀ་ཚར་ལ་ཉེ་སྐབས་ང་ཚོ་ཡང་བསྐྱར་མཉམ་དུ་འདུས་ནས་སྨན་རྒྱུ་གཙང་སེལ་དང་དུག་ལེན། དེ་བཞིན་ཚབ་བྱེད་སྨན་རྒྱུའམ་དངོས་པོའི་སྐོར་ལ་གཏིང་ཟབ་པའི་གྲོས་བསྡུར་ཐེངས་མང་བྱས་པ་ཡིན། ལྷ་ས་ནས་ཕེབས་པའི་སྨན་པ་རྒན་གྲས་ཀྱིས་ཚོགས་ཆུང་གྲོས་བསྡུར་འདི་རིགས་མང་པོ་གཙོ་གཉེར་བྱས་སོང་། བོད་ལུགས་གསོ་རིག་མཁས་དབང་རྣམས་ལ་བརྩི་འཇོག་དང་བརྩི་བཀུར་བྱས་པ་བརྒྱུད་གྲོས་བསྡུར་ཚོགས་ཆུང་གིས་བོད་ཀྱི་རིག་གནསགཞིར་འཛིན་དམ་ཟབ་བྱས་ནས་སློབ་ཁྲིད་བྱེད་པའི་སྲོལ་རྒྱུན་གྱི་ཤེས་བྱ་སློབ་ཁྲིད་བྱེད་སྟངས་ལ་ཤུགས་སྣོན་བརྒྱབ་པ་རེད། འདུན་སའམ་གླེང་སྟེགས་ཀྱིས་ཚོགས་ཞུགས་རྒན་རབས་ཚོར་རང་གི་ཤེས་བྱ་གཞན་དང་མཉམ་རོལ་བྱེད་པ་དང་དེ་བཞིན་སྨན་པ་ལས་དང་པོ་བ་དང་འབྲིང་རིམ་པ་ཚོས་ཐོས་པ་བྱེད་པ་དང་དྲི་བ་འདྲི་བར་གོ་སྐབས་སྤྲད་སོང་།

བལ་ཡུལ་གྱི་གཱོ་ཌ་ཝ་རཱི་སྐྱེད་ཚལ་ལ་ཉིན་གཅིག་གི་གནས་སྐོར་དང་སྤྲོ་འཆམ་ལ་སོང་རྗེས་གྲོས་མོལ་ཚོགས་འདུའི་ཉིན་མཐའ་མ་དེར་སྨན་པའི་ཚོགས་ཆུང་གིས་སྨན་སྒྲུབ་ཅུང་ཙམ་བྱ་རྒྱུར་དུས་ཚོད་བྱིན། དངོས་གཞིའི་མཛད་སྒོའི་ཐོག་ཁྲཱི་ཪཱི་བཱུ་ཝན་གཙུག་ལག་སློབ་ཆེན་དང་རྒྱལ་ཁབ་འཕྲོད་བསྟེན་དང་མི་འབོར་ལས་ཁུངས་ཀྱི་སྐུ་མགྲོན་ཕེབས་པ་རེད། ང་ཚོའི་བལ་ཡུལ་གྱི་ལས་གྲོགས་ཏེ་བལ་ཡུལ་གསོ་བ་རིག་པ་ཚོགས་པར་ད་བར་བལ་ཡུལ་སྲིད་གཞུང་གིས་ངོས་འཛིན་ཐོབ་མེད། ང་ཚོས་ད་དུང་ཅུང་དངོས་གཞི་མ་ཡིན་པའི་བསྐྱར་ཞིབ་དང་། བསམ་འཆར་བསྡུ་ལེན། དེ་བཞིན་མཇུག་བསྡུའི་གྲོས་བསྡུར་བཅས་ལ་དུས་ཚོད་གང་ཙམ་བཏང་བ་ཡིན།

མཇུག་བསྡོམས་འགྲེལ་བརྗོད།

གྲོས་ཚོགས་འདི་ཆུ་ཚད་མཐོ་དམའ་ཅི་རིགས་ཀྱི་ཐོག་ནས་ཀྱང་ཕན་འབྲས་དང་ལྡན་པ་ཞིག་བྱུང་སོང་། མ་མཐའ་ཡང་དེ་སྔོན་ཚེ་གང་སྨན་པ་དང་དགེ་རྒན་བྱས་ཏེ་མི་ཚེ་གང་པོའི་རིང་ཐོབ་པའི་ཉམས་མྱོང་མཉམ་རོལ་བྱེད་རྒྱུ་ལྟ་ཅི་སྨོས་ཐ་ན་རྒྱུན་ཏུ་ཕན་ཚུན་ལྟོས་རེས་ཀྱི་གོ་སྐབས་མེད་པའི་ལས་སྣ་མི་འདྲ་བའི་བོད་རིགས་ཚོགས་ཆུང་ཞིག་མཉམ་དུ་བདེ་བླག་ངང་བསྡུ་ཐུབ་པ་བྱུང་སོང་། མ་གཞི་ང་ཚོའི་ལས་ཀའི་དུས་ཚོད་ལ་ཚོད་འཛིན་དང་སྨན་གྱི་སྦྱོར་སྡེབ་འཐུས་སྒོ་མི་ཚང་བ་བཅས་བྱུང་ཡོད་མོད་ཀྱང་། གནད་དོན་མང་དག་ཅིག་གི་འོག་ཚོགས་ཆུང་གིས་བོད་སྨན་ཐོན་སྐྱེད་ལག་ལེན་ལེགས་ཤོས་ཤིག་འཕེལ་རྒྱས་གཏོང་རྒྱུའི་བསམ་ཚུལ་ནན་བཤད་བྱེད་པའི་ཐབས་ལམ་འཚོལ་རྒྱུ་ཐག་བཅད་པ་རེད། གོ་རིམ་འདི་བརྒྱུད་སྨན་པ་དང་མིའི་རིགས་ཞིབ་འཇུག་མཁན་ལ་ཐོབ་པའི་ཤེས་བྱ་ལས་ང་ཚོས་བོད་ཀྱི་གསོ་བ་རིག་པའི་སྤྱི་ཚོགས་ལ་རྐང་པ་ཚུགས་པའི་རང་གཤིས་དང་། སྣ་མང་གི་སྡེབ་སྦྱོར། ཡུལ་དུས་དང་བསྟུན་ནུས་ཆེ་བ་བཅས་ལ་དེ་བས་ཡིད་སྨོན་ཤོར་སོང་།

དམིགས་བསལ་གྱི་བྱེད་སྒོ་དེས་མིའི་རིགས་དཔྱད་ཞིབ་རིག་པའི་ཞིབ་འཇུག་ཐབས་ལམ་ཞིག་མཚོན་པར་བྱས་ཡོད་པ་སྟེ། དེ་ཡང་མིའི་རིགས་ཞིབ་འཇུག་མཁན་གྱི་ཚོགས་ཆུང་གིས་སྔོན་ཚུད་ནས་གཏན་འབེབས་བྱས་པའི་ལས་འཆར་ལ་འགྱུར་བ་མེད་པའི་སྒོ་ནས་ཉམས་སུ་ལེན་པ་ཁོ་ན་མ་ཡིན་པར། དེ་བས་ཉམས་མྱོང་ལ་སློབ་སྦྱོང་དང་སྤྱི་ཚོགས་བརྗེ་ རེས་ལ་གཞོགས་འདེགས་བྱ་རྒྱུར་རོགས་རམ་བྱེད་པའི་གནས་སྟངས་ཤིག་ཏུ་བཞག་པ་རེད། ང་ཚོར་མིའི་རིགས་ ཞིབ་འཇུག་གི་ཐབས་ལམ་དེ་བཀོད་སྒྲིག་རྙོག་འཛིང་ཅན་གྱི་སྨན་པའི་དབར་ལ་རྒྱལ་སྤྱི་དང་ས་ཁུལ་རང་བཞིན་གྱི་མང་དུ་འགྲོ་བཞིན་པའི་བརྗེ་རེས་དེ་དག་ཡིག་ཐོག་ཏུ་འགོད་པ་དང་། དཔྱད་དཔོག་བྱེད་པ། དེ་བཞིན་དབྱེ་ཞིབ་བཅས་བྱ་རྒྱུར་འཚམ་པོ་ཡོད་མེད་ལྟ་བུའི་དམིགས་བཀར་གྱི་བྱེད་སྒོ་ཞིག་ལ་མཉམ་ལས་ཅི་འདྲ་བྱ་དགོས་པའི་ཉམས་མྱོང་ཐོབ་བྱུང་།

སྨན་པ་ཚོར་ཐོབ་པའི་ཆེས་རིན་ཐང་ཅན་གྱི་འབྲས་བུ་ནི་ས་ཁུལ་ལས་བརྒལ་བའི་ཤེས་བྱ་བརྗེ་རེས་དང་ད་དུང་ཚབ་བྱེད་དངོས་པོ་དང་། ཚད་ལྡན་ཅན། དབྱེ་འབྱེད་ངོས་འཛིན་བཅས་ཀྱི་དེང་དུས་གནད་དོན་ཐོག་གི་ཐུན་མོང་བསམ་ཞིབ་དེ་དག་ཡིན། བལ་ཡུལ་ལ་བཞུགས་པའི་སྨན་པ་ཚོའི་ངོས་ནས་བརྗོད་ན། གྲོས་ཚོགས་འདིས་བལ་ཡུལ་གྱི་འཕྲོད་བསྟེན་ལས་ཁུངས་ལ་བོད་ཀྱི་གསོ་རིག་ལག་ལེན་ཐད་སྲིད་གཞུང་གི་རྒྱབ་སྐྱོར་འཐོབ་ཐབས་དང་བལ་ཡུལ་ནང་དུ་གཞུང་གཉེར་གྱི་བོད་སྨན་ལས་རིགས་སློབ་གྲྭ་འཛུགས་པར་རྒྱལ་སྤྱིའི་རང་བཞིན་གྱི་འབད་བརྩོན་བྱེད་འཛིན་བྱེད་བཞིན་ཡོད་པའི་དཔང་རྟགས་མཁོ་སྤྲོད་བྱས་ཡོད། མཇུག་ཏུ་བོད་ནང་ཞུགས་པའི་སྨན་པ་ཚོར་རང་གི་ཤེས་བྱ་ལག་ལེན་དང་འབྲེལ་པའི་སྟོབས་ནུས་དང་། ཀྲུང་གོའི་ནང་བོད་སྨན་ལག་ལེན་དང་ཐོན་སྐྱེད་ཐོག་འཕྲད་པའི་འགྲན་རྩོད་རིགས་འདྲ་མིན་བཅས་ཀྱི་ཐོག་ལ་བསམ་ཞིབ་བྱེད་པའི་གོ་སྐབས་ཤིག་སྤྲད་ཡོད།

ང་ཚོས་སློབ་ཁྲིད་དང་མ་དངུལ་གྲབ་གསོག་གི་ཆེད་དུ་སྐབས་དེའི་བལ་ཡུལ་སྲིད་འཛིན་ལ་ཕུལ་པའི་ཞུ་ཡིག་ཅིག་དང་ད་དུང་མ་དངུལ་རོགས་སྐྱོར་མཁན་གཙོ་གྲས་སུ་ཕུལ་བའི་གྲོས་མོལ་ཚོགས་འདུའི་ནང་དོན་མདོར་བསྡུས་ཚུད་པ་ཞིག་ས་གནས་ཀྱི་བརྙན་འཕྲིན་དང་གློག་བརྙན་པར་ལེན་པ་ཞིག་དང་མཉམ་ལས་ཐོག་དངོས་བྱུང་གཞི་འཛིན་གྱི་གློག་བརྙན་ཐུང་གྲས་ཤིག་བཟོ་བསྐྲུན་ཐོག་ལ་ལས་ཀ་གཏིང་ཟབ་བྱས་པ་ཡིན། (http://www.youtube.com/watch?v=6nzpofRuePE) ང་ཚོས་ད་དུང་ཕྱོགས་གང་ས་ཅི་ཐད་ལ་ཕན་ཐོག་ཡོང་རེའི་ཆེད་དུ་བལ་ཡུལ་གྱི་གསར་འགོད་པ་འགའ་ཞིག་དང་མཉམ་ལས་བྱས་ཏེ་གྲོས་མོལ་ཚོགས་འདུ་དང་ཚོགས་ཞུགས་མི་སྣ་ཡོངས་ཀྱི་བརྙན་ཕབ་དང་སྒྲ་ཕབ་ཚུད་པའི་དམིགས་བསལ་བྱེད་སྒོ་ཁྱོན་ཁྱབ་བསྒྲགས་བྱས་པ་ཡིན། ང་ཚོས་ཉེ་དུས་དབྱིན་ཡིག་རིག་གཞུང་རྩོམ་འབྲིའི་ལས་གཞི་ཞིག་དང་བོད་ཡིག་སྙན་ཞུ་རྩོམ་འབྲིའི་ལས་གཞི་ཞིག་གཉེར་ནས་དེང་རབས་མིའི་རིགས་ཞིབ་འཇུག་ཅེས་པའི་དུས་དེབ་ཐོག་ལ་འགོད་རྩིས་བྱེད་བཞིན་ཡོད། ང་ཚོས་ད་དུང་རྩོམ་ཐུང་འདིའི་བོད་འགྱུར་མ་ཞིག་ལ་དྭགས་སྲོལ་རྒྱུན་གསོ་རིག་སྤྱི་ཚོགས་ཀྱིས་གཉེར་བའི་གསོ་རིག་ཚགས་པར་དང་ཀུན་ཕན་ཐེབས་རྩ་ཚོགས་པ་བརྒྱུད་ནས་པར་སྐྲུན་བྱ་རྩིས་ཡོད།

ད་དུང་ཞིབ་གྲོས་ཚོགས་འདུ་འདིའི་གྲུབ་འབྲས་འཕར་མའི་ཚུལ་དུ་ད་ཐེངས་ཀྱི་ཚོགས་ཞུགས་སྨན་པ་འགའ་ཞིག་བཅར་ལ་ཉེ་བའི་ལྷོ་ཀོ་རི་ཡཱ་ཡི་སཱན་ཆིང་ལ་འཚོགས་རྒྱུའི་ཐེངས་བརྒྱད་པའི་ཨ་ཤི་ཡ་སྲོལ་རྒྱུན་གསོ་རིག་གི་རྒྱལ་སྤྱིའི་ཚོགས་འདུ་ཆེན་མོར་འཛུལ་ཞུགས་བྱེད་དུ་འཇུག་རྒྱུ་དང་། དེ་བཞིན་བོད་ནང་གི་སྨན་པ་རྒན་གྲས་དང་བལ་ཡུལ་ནང་གི་སྨན་པ་ལས་དང་པོ་བ་ཚོར་ལོ་འདིའི་ལོ་མཇུག་ཏུ་ཆེས་གཏིང་ཟབ་པའི་ཞིབ་གྲོས་དང་སྦྱོང་བརྡར་ཞིག་གོ་སྒྲིག་ཞུ་རྩིས་ཡོད།

མདོར་ན། དམིགས་བསལ་བྱེད་སྒོ་འདི་ནི་སུན་འབྱིན་རྣམ་པའི་མིའི་རིགས་རིག་པ་ཞིབ་འཇུག་མཁན་དང་རྣམ་པ་འདྲ་མིན་གྱི་གྲོས་གླེང་བྱེད་པོ་རྣམས་ཀྱི་ངོས་ནས་བརྗོད་ན་ཚོགས་གཅིག་ཏུ་འདྲེ་བའི་དཔེ་ཟླ་བྲལ་བའི་ཉམས་མྱོང་ཞིག་དང་མཉམ་ལས་ཞིབ་འཇུག་ལས་འབྲས་བུ་ཅི་འདྲ་ཞིག་འཐོབ་མིན་གྱི་རིན་བྲལ་དཔེ་མཚོན་ཞིག་ཡིན། ཡུལ་སྐད་མ་གཅིག་པའི་གཏམ་བཤད་མཁན་ཚོ་ཕན་ཚུན་གོ་བརྡ་འཕྲོད་སྐབས་མི་རྣམས་ལ་བཅོས་མིན་གྱི་བསམ་པའི་དགའ་སྤྲོ་ཞིག་ཐོབ་པ་དང་། དཔེ་གཞན་ཞིག་བརྗོད་ན། སྨན་པ་ཞིག་གི་མིག་གི་དབང་པོ་ཀཱ་ཏཱ་མཎ་ཌུ་རྙིང་པའི་ནང་གི་ཎི་ཝ་རི་སྨན་རྩ་ཚོང་པ་མི་རབས་བཞི་པ་ཞིག་གི་ལག་ནང་གི་སྨན་རྩས་འཕྲོག་པར་བྱས། ཁོང་གིས་མ་བཅོས་ཀྱི་རྣམ་པའི་ཐོག་གནས་པའི་སྨན་རྩ་དེ་དེ་སྔོན་རྩ་བ་ནས་མཐོང་མ་མྱོང་བའི་སྨན་རྩའི་རིགས་ཤིག་རེད་ཅེས་གསུངས། ང་ཚོ་ཚང་མས་རིམ་པ་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་མཉམ་སྡེབ་ཀྱི་སློབ་སྦྱོང་ནས་ཐོབ་པའི་སྤྲོ་བ་མང་པོ་ལོངས་སུ་སྤྱད་པ་དང་། ད་དུང་གཟའ་འཁོར་འདིའི་རིང་ལ་འདུ་ཚོགས་འདི་ལས་བྱུང་བའི་ཁོང་ཡངས་དང་། འདུན་པ། ངེས་ཤེས་བཅས་ དགའ་བར་འོས་པའི་གནས་ཚུལ་མང་པོ་ཐོན་སོང།

སྒྲིག་འཛུགས་བྱེད་མཁན་དང་ཚོགས་ཞུགས་མཁན་ཚང་མས་ཀུན་ཕན་ཐེབས་རྩ་ཚོགས་པ་དང་གཞན་གྱི་མ་དངུལ་རོགས་རམ་བྱེད་མཁན་རྣམས་ཀྱིས་ཐེངས་འདིའི་ཚོགས་འདུར་རོགས་སྐྱོར་གནང་བར་བཀའ་དྲིན་བསམ་ཤེས་བྱེད་ཀྱིན་འདུག ཁོང་རྣམས་པའི་གཏོང་ཕོད་ཅན་གྱི་རོགས་རམ་མེད་ཚེ་དམིགས་བསལ་གྱི་བྱེད་སྒོ་འདི་སྒྲུབ་ཐབས་མེད་པ་ཞིག་རེད། ནོར་སྲིད་ཀྱི་འབྱུང་ཁུངས་ཕུད་ང་ཚོས་ལས་སྣ་མི་འདྲ་བའི་མི་ལས་འགྲུབ་པའི་མི་ཚོགས་འདི་འདྲ་ཞིག་བསྡུས་ཏེ་ང་ཚོ་ཚང་མས་དོ་སྣང་ལྷོད་མེད་བྱེད་ཀྱིན་པའི་སྣ་མང་ལམ་ལུགས་ལྡན་པའི་ཤེས་བྱ་དང་ལག་ལེན་གྱི་མ་འོངས་པའི་ཐོག་ལ་གནད་ཆེའི་དྲི་བ་དྲིས་ལན་དང་གྲོས་བསྡུར་བྱེད་ཐུབ་བྱུང་། ཚོགས་འདུ་འདིའི་ལེགས་ཚོགས་ལས་ང་ཚོས་འདས་པའི་ལོ་ངོ་བཅུ་ཕྲག་རིང་སྒྲུབ་པའི་ལས་དོན་ལ་བསམ་ཞིབ་དོན་ལྡན་བྱས་ཚེ་ཀུན་ཕན་ཐེབས་རྩ་ཚོགས་པ་ལྟ་བུའི་ཚོགས་པ་ཁག་ནས་བོད་ཀྱི་གསོ་བ་རིག་པའི་ཐོག་དེ་བས་ཕོན་ཆེ་བའི་རོགས་སྐྱོར་ཐུབ་སྲིད་པའི་ངེས་པ་ཡོད་པར་འདང་རྒྱག་ཐུབ་ཀྱི་འདུག མ་འོངས་པར་བོད་ཀྱི་གསོ་བ་རིག་པའི་སྨན་པ་དང་མཉམ་དུ་མཉམ་ལས་བྱས་ཏེ་གྲོས་བསྡུར་འདིའི་རིགས་མུ་མཐུད་གཉེར་རྒྱུར་རེ་བ་བྱེད་ཀྱིན་ཡོད།