You are here

 ཚོགས་པའི་གཙོ་འཛིན་གྱི་༢༠༡༣ལོའི་དགུན་ཁའི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས།

བོད་པའི་སྲོལ་རྒྱུན་ལ། དགའ་སྟོན་ཞེས་པ་ནི་བཀྲ་ཤིས་པའི་རྟེན་འབྲེལ་བྱེད་པའམ་ཡང་ན་དགའ་སྐྱིད་ཀྱི་སྟོན་མོ་བྱེད་པ་སོགས་ལ་གོ། དེ་ནི་སྔོན་ཚུད་ནས་གྲ་སྒྲིག་བྱས་པའམ། ཡང་ན་མ་འབད་ལྷུན་གྲུབ་ཐོག་དགའ་བའི་མི་དང་མཉམ་དུ་འཛོམས་ནས་སྟོན་མོར་རོལ་བ་དེ་ལ་ཟེར། ད་ལྟ་དགུན་ཁའི་སྐབས་སུ། བོད་དབུས་གཙང་ཁུལ་ལ་ཆང་སྐོལ་དང་ཆང་དྲོན་མོ་འཐུང་བའི་དུས་ཚོད་རེད། དེར་བརྟེན་ཁྱེད་རྣམས་ས་ཕྱོགས་གང་དུ་ཡོད་རུང་། དགའ་བའི་མི་དང་མཉམ་དུ་ཟས་རིགས་ལ་རོལ་ནས་གུང་གསེང་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ།

ཀུན་ཕན་ཐེབས་རྩ་ཚོགས་པར་མཚོན་ན། ངེད་ཚོ་ད་ལྟ་ཚོགས་པ་འདི་བཙུགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་དགའ་སྟོན་གྱི་གྲ་སྒྲིག་ལས་ལ་བྲེལ་ནས་ཡོད། འཕྲིན་གསར་འདིའི་ནང་ལ་དམིགས་བསལ་ཞུ་རྒྱུར་༢༠༡༤ལོར། ང་ཚོས་བོད་ཀྱི་རི་མོའི་འགྲེམས་སྟོན་ཞིག་དང་། གློག་བརྙན་གྱི་གཟའ་འཁོར། དེ་བཞིན་གླུ་དབྱངས་འདུ་འཛོམས་ལ་སོགས་གོ་སྒྲིག་ཞུས་ནས་ལོ་འཁོར་ཆ་ཚང་ཚོགས་པའི་རྗེས་དྲན་གྱི་ཆེད་དུ་དགའ་སྟོན་གྱི་ལས་རིམ་སྣ་ཚོགས་སྤེལ་རྩིས་ཡོད། ངས་ཐོག་མར་ཀུན་ཕན་ཐེབས་རྩ་ཚོགས་པ་འཛུགས་པའི་སྐབས་ལ་ལོ་ཉི་ཤུ་ནི་ཚད་འཛིན་སའི་དུས་ཚོད་གཅིག་ལ་ངོས་འཛིན་བྱས་པ་ཡིན། དེ་ནི་ལོ་ངོ་ཉི་ཤུ་ནི་དུས་ཡུན་ཐུང་ཐུང་ཞིག་མ་རེད། ད་དུང་ངས་ལོ་ཉི་ཤུའི་རྗེས་ལ་ང་ཚོས་གནད་དོན་ཅི་ཞིག་ལ་བསམ་གཞིགས་བྱེད་དགོས་མིན་ཐད་ལ་ཡང་བསམ་བློ་འཁོར་མྱོང་། ད་དུང་སྐབས་དེ་དུས་ལོ་ངོ་ཉི་ཤུའི་རྗེས་ལ་ངེད་ཚོའི་འགན་ཁྲི་དེ་གང་ཡིན་སྲིད་དམ་སྙམ་པའི་བསམ་གཞིགས་བྱས་མྱོང་། ད་ཆ་ལོ་ངོ་ཉི་ཤུར་སླེབས་གྲབས་ཡོད་སྟབས་ལོ་རྗེས་མ་ནི་འདས་ཟིན་པའི་གྲུབ་འབྲས་ལ་བསྐྱར་ཞིབ་ཅིག་བྱེད་པའི་དུས་ཚོད་ལ་བསླེབ་ཀྱི་ཡོད།

ལོ་རྗེས་མར་ད་དུང་དེ་ལས་གལ་འགངས་ཆེ་བའི་ལས་ཀ་ཞིག་ནི་མ་འོངས་པར་བལྟ་རྒྱུ་དེ་རེད། སྤྱིར་ལོ་རྗེས་མའི་བྱེད་སྒོ་ཁག་ད་ལྟ་འཆར་གཞི་བཟོ་བཞིན་པའི་སྒང་ཡིན་སྟབས་འགྱུར་བ་ཐེབས་སྲིད་རུང་། ང་ཚོས་ཤེས་རྟོག་ཐུབ་པ་གཅིག་ནི། ངེད་ཚོའི་དགའ་སྟོན་གྱི་རྟེན་འབྲེལ་ནང་ལ་བོད་པ་དང་མི་རིགས་གཞན་པ་སུམ་ཅུ་ལས་གྲུབ་པའི་རི་མོའི་འགྲེམས་སྟོན་ཞིག་དང་། སྤྱི་ཟླ་བརྒྱད་པའི་ནང་ལ་ནེའུ་ཡོག་གི་དེང་དུས་འགྲེམས་སྟོན་ཁང་(MoMA) ལ་བོད་ཀྱི་གློག་བརྙན་གྱི་གཟའ་འཁོར་དུས་ཆེན་ཞིག་སྲུང་བརྩི་ཞུ་བ། དེ་བཞིན་བོད་ནང་གི་གཞས་པ་དང་གཞས་མ་གྲགས་ཅན་འགའ་ཤས་གདན་འདྲེན་ཞུས་ནས་གླུ་དབྱངས་ཀྱི་འདུ་འཛོམས་ཅིག་བཅས་གྲ་སྒྲིག་བྱེད་བཞིན་ཡོད། དེ་བཞིན་སྙན་ངག་འགྱེར་ཀློག་དང་། དཔེ་དེབ་གསར་འདོན་ལ་སོགས་པའི་བྱ་བ་གཞན་དག་མང་པོ་ཞིག་ད་ལྟ་བང་བསྒྲིགས་ནས་བཞག་ཡོད། བོད་ནི་རྣམ་པ་སྟོང་ཕྲག་ལས་གྲུབ་པའི་ཡུལ་ཁམས་ཤིག་ཡིན་སྟབས། ང་ཚོས་ལོ་རྒྱུས་ཐོག་གཉན་འཕྲང་གི་དུས་ཚོད་ནང་ལ་འཚོ་ཞིང་བཞུགས་པའི་སྒྱུ་རྩལ་བ་རྣམས་ཀྱི་མཐོང་ཐོས་འགུལ་གསུམ་བརྒྱུད་ནས། མི་རྣམས་ལ་བོད་ཀྱི་ཡིད་དབང་འགུགས་པའི་རྣམ་པ་དེ་སྤྱན་བསྟར་འབུལ་ཐུབ་པའི་རེ་བ་བྱེད།

གོང་གི་བྱེད་སྒོ་ཁག་གི་ཞིབ་ཕྲའི་གནས་ཚུལ་མགྱོགས་མྱུར་འཐོན་རྒྱུ་རེད། དེར་བརྟེན། མུ་མཐུད་དོ་སྣང་གནོངས་རོགས། ང་ཚོས་ཁྱེད་རྣམ་པའི་དགོངས་འཆར་ལ་ཉན་འདོད་ཡོད། གལ་ཏེ་གོང་གི་བྱེད་སྒོ་ཁག་ལ་ཁྱེད་རྣམ་པས་སྦྱིན་བདག་གནང་འདོད་ཡོད་པའམ། ཡང་ན་མཉམ་ལས་བྱེད་འདོད་ན་events@trace.orgབརྒྱུད་ནས་འབྲེལ་བ་གནོངས་རོགས། གལ་ཏེ་གོང་གི་ལས་རིམ་གང་རུང་ལ་ཞལ་འདེབས་འབུལ་འདོད་ན་འདི་ལ་ནོན་རོགས།

ཁྱེད་ཀྱིས་མཁྱེན་གསལ་བཞིན། མ་འོངས་པའི་ཟླ་བ་འགའ་ཤས་རིང་ལ་ངེད་ཚོའི་དཔེ་མཛོད་དང་ལས་ཁུངས་ཀྱི་ས་ཆར་འཛུགས་སྐྲུན་ཡར་རྒྱས་གཏོང་བཞིན་ཡོད། དེར་བརྟེན། ངེད་ཚོའི་དཔེ་མཛོད་ཁང་སྐབས་རེ་མ་གཏོགས་སྒོ་འབྱེད་མི་ཐུབ་པས་དཔེ་མཛོད་ལ་ཕེབས་འདོད་ན་སྔོན་ལ་དུས་འདེབས་དགོས། དུས་འདེབས་པར་ཁ་པར་212-367-7380ཐོག་གམ་ཡང་ན་་གློག་འཕྲིན. བརྒྱུད་འབྲེལ་བ་གནོངས་རོགས། ཁྱེད་ནས་ང་ཚོར་དེའི་སྐོར་ལ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ། ༢༠༡༤ལོའི་ཟླ་བ་ལྔ་པའི་ནང་ལ་ཡང་བསྐྱར་དཔེ་མཛོད་སྒོ་འབྱེད་སྐབས་ཕེབས་རོགས་གནང་། སྐབས་དེར་དཔེ་མཛོད་རྒྱུན་གཏན་གྱི་དུས་ཚོད་ལྟར་སྒོ་དབྱེ་རྒྱུ་དང་། “དགེ་ཆོས་ལོ་བརྒྱ། བོད་ཀྱི་དེང་རབས་རི་མོ་བ་དང་པོ་དགེ་འདུན་ཆོས་འཕེལ།” “དགེ་ཆོས་ལོ་བརྒྱ། བོད་ཀྱི་དེང་རབས་རི་མོ་བ་དང་པོ་དགེ་འདུན་ཆོས་འཕེལ།”. ཞེས་པའི་དེབ་གསར་པ་དེ་འདོན་རྒྱུ་ཡིན།

འདི་ལོའི་ཟླ་བ་དགུ་པའི་ནང་ལ་བོད་ཀྱི་གྲགས་ཅན་མི་སྣ་དགེ་འདུན་ཆོས་འཕེལ་ལ་རྗེས་དྲན་ཞུ་བའི་ཚོན་མདངས་བཀྲ་བའི་ཁོང་གི་རི་མོའི་དེབ་དེའི་པར་ཕུད་ཐོན་ཞིང་། གལ་ཏེ་ཁྱེད་ལ་དེབ་དེ་མཁོ་བའམ། ཡང་ན་ད་དུང་དུས་ཆེན་གྱི་ལག་རྟགས་སྐོར་ལ་བསམ་བློ་གཏོང་གི་ཡོད་ན། ཨ་མ་ཛོན་(Amazon)དང་ཡང་ན་དེབ་འདི་པར་སྐྲུན་བྱེད་མཁན་སེར་རིང་ཌེ་ཡྱ་(Serindia)དཔེ་སྐྲུན་ཁང་བརྒྱུད་དེབ་དེ་སྤུས་གཟིགས་གནོངས་རོགས། དེའི་རྗེས་ལ་༢༠༡༤ལོའི་ཟླ་བ་ལྔ་པའི་ནང་ལ་དེབ་འདིའི་རྩོམ་སྒྲིག་པ་ཌོན་ལོར་པད་རྫི་(Don Lopez)དངོས་བཞུགས་གནང་བའི་དཔེ་དེབ་སྒོ་འབྱེད་མཛད་སྒོར་ཞུགས་རོགས།

མཐའ་མར་གསལ་འདེབས་ཞུ་རྒྱུར་ཁྱེད་རྣམ་པས་ངེད་ཚོས་ཉེ་ཆར་རྩོམ་སྒྲིག་ཞུས་པའི་ཆེད་རྩོམ་གསར་པ་རྣམས་ལ་གཟིགས་རོགས། འདི་ལོའི་ཟླ་བ་བཅུ་པའི་ནང་ལ། བོད་ཀྱི་སྒྱུ་རྩལ་བ་གསར་གཏོད་ཅན་སྐལ་བཟང་ལམ་བྲག་ལགས་གདན་འདྲེན་ཞུས་པ་ཡིན། ཁོང་གིས་འགྱིག་ཤོག་གི་རྒྱུ་ཆ་བེད་སྤྱད་ནས་ཡིད་དབང་འཕྲོག་པའི་སྒྱུ་རྩལ་གྱི་བརྩམས་ཆོས་སྣ་ཚོགས་བཟོས་ཡོད། གལ་སྲིད་ཁྱེད་སྐུ་ངོ་མ་དེར་ཕེབས་ཐུབ་མེད་ན། ངེད་ཚོའི་དྲ་རྒྱའི་ཐོག་ལ་ཁོང་གི་ལོ་རྒྱུས་དང་། བརྩམས་ཆོས་དག་འགྲེམས་སྤེལ་ཞུས་ཡོད་པས་གཟིགས་རོགས། དེའི་ནང་ལ་འགྱིག་ཤོག་ཚོན་ཁྲ་སྣ་ཚོགས་དང་། ཞབས་བྲོའི་གློག་འོད། སྒམ་ཆུང་སྣ་ཚོགས། སེན་མོའི་ཚོས། མེ་ལོང་། དེ་བཞིན་སྐྲ་དང་མར་བཅས་བེད་སྤྱད་ནས་སྒྱུ་རྩལ་གྱི་བརྩམས་ཆོས་སྣ་ཚོགས་བསྐྲུན་ཡོད།

དེ་བཞིན་སྤྱི་ཟླ་བཅུ་པའི་ནང་ལ་འཇིགས་སུ་རུང་བའི་སྡོམ་གྱི་དྲ་བ་བཀྲམས་པ་དང་། གདོན་འདྲེའི་ཞུ་མར་སོགས་སྤར་ནས་བོད་ཀྱི་འདྲེ་སྒྲུང་འགྲན་བསྡུར་སྤེལ་ཡོད། མཚན་གུང་གི་ཆོ་ངེ་ཞེས་པའི་བྱེད་སྒོ་དེས་འདྲེ་སྒྲུང་ཕུལ་བྱུང་ལྔ་དངོས་སུ་ཚོགས་ཁང་ནང་ལ་བཀླགས་པ་དང་དྲ་ཐོག་ལ་ཐད་ཀར་བརྒྱང་སྲིང་བྱས་ནས་དངོས་ཞུགས་དང་དྲ་ཐོག་ལ་གསན་མཁན་རྣམས་ལ་་སྒྲུང་ལེགས་ཤོས་དེ་དག་འདེམས་བཅུག་ཡོད། ང་ཚོས་གྲགས་ཅན་མི་སྣ་དཔེར་ན་བོད་ཀྱི་དགོད་བྲོའི་ཁྲབ་སྟོན་པ་བསོད་ནམས་དབང་འདུས་ལགས་དང་། ཨ་རིའི་སྙན་ངག་པ་གྲགས་ཅན་སེ་མོན་ཝན་སྦུ་སོགས་འདྲེ་སྒྲུང་ཀློག་པར་གདན་ཞུ་བྱས་ཡོད། ཁྱེད་རྣམས་ཀྱིས་སྒྲུང་དེ་དག་ད་དུང་དྲ་རྒྱའི་རྒྱང་སྲིང་དྲ་ཤོག(LiveStream page)ཐོག་ནས་གསན་ཐུབ། དེ་བཞིན་མཐའ་མའི་ཕུལ་བྱུང་གི་བྱ་དགའ་ཐོབ་པའི་སྒྲུང་དེ་དག་དབྱིན་ཇིའི་ནང་གཟིགས་པམ། ཡང་ན་བོད་ཡིག་གི་མ་དཔེ་རྣམས་ངེད་ཚོའི་དྲ་རྒྱའི་ཐོག་ལ་པར་སྐྲུན་བྱས་ཡོད་པས་གཟིགས་ཞིབ་ཡོད་པ་ཞུ།

ང་ཚོས་འདིར་གཟིགས་འབུལ་ཞུས་པའི་ལས་གཞི་འདི་དག་གིས་ཁྱེད་ལ་སེམས་འགུལ་ཐེབས་ན། ངེད་ཚོའི་དྲ་རྒྱའི་ཐོག་ ཞལ་འདེབས་ཤོག་ངོས་ལ་ཕེབས་ནས། ང་ཚོས་ཇི་ལྟར་བོད་ཀྱི་ཚོགས་སྡེ་ཡར་རྒྱས་གཏོང་བའི་ལས་ཀའི་ནང་ལ་ཁྱེད་ནས་རོགས་སྐྱོར་གང་སྒྲུབ་ཐུབ་མིན་ལ་རྟོག་ཞིབ་གནང་རོགས། དེ་བཞིན་ཁྱེད་ཀྱིས་དང་བླངས་ཐོག་དུས་ཚོད་ བཏང་ནས་ང་ཚོའི་ལས་ཀར་རོགས་སྐྱོར་བྱེད་པའམ། ཡང་ན་ཁྱེད་བཞུགས་སའི་ཚོགས་པ་དང་སྡེ་པ་དེ་དག་ནང་ལ་ངེད་ཚོའི་ལས་ཀའི་སྐོར་ལ་གསལ་བསྒྲགས་གནང་བའི་རེ་སྐུལ་ཞུ་བཞིན་ཡོད།

ཁྱེད་ཀྱིས་ང་ཚོར་རྟག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་གུང་གསེང་ལ་སྤྲོ་པོ་ཡོང་བའི་སྨོན་འདུན་བཅས། ཨན་ཌེ་ཡ་སོ་རོ་སིས། (Andrea E. Soros) 

ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་ 

སྤྱི་ལོ་༢༠༡༣ལོའི་ཟླ་བ་བཅུ་གཉིས་པར་ཕུལ།