You are here

ལྷ་བྲིས་པ། དེང་རབས་བོད་ཀྱི་སྒྱུ་རྩལ་དབུ་བརྙེས་པ།

ཁོང་གི་རྨི་ལམ་ནང་ལ། ཁོང་ལྷ་སའི་སློབ་འབྲིང་ཞིག་ཏུ་བསླེབས་ཡོད། དེར་བོད་ཡིག་རྒྱུགས་སྤྲོད་སྐབས་ཀླད་པ་ག་ཚོད་དཀྲུགས་ཀྱང་བོད་ཡིག་གི་ཀ་མད་སུམ་ཅུ་དག་རྩ་བ་ནས་མ་དྲན་པས་སྐྱེངས་པར་གྱུར་ནས་སློབ་གྲྭ་ནས་བྲོས། ཉེ་འགྲམ་གྱི་བྱེ་ཐང་ཞིག་གི་ནང་ལ་རང་གི་སྨྱུ་གུ་དང་དཔེ་དེབ་རྣམས་སྦས།
རྨི་ལམ་དེ་སྒྱུ་རྩལ་ལ་༼སྟེང་གི་པར་ལ་གཟིགས།༽ལམ་འཁྱེར་བྱེད་མཁན་དེང་རབས་བོད་ཀྱི་སྒྱུ་རྩལ་བ་ནོར་ཚེ་ནི་ཆུང་དུས་བྱིས་པ་འཚུབ་པོ་ཞིག་རེད། པེ་ཅིང་ལ་འགྲེམ་སྟོན་གྱི་སྐབས་སུ། ཁོང་གིས་ལྕགས་བཙའ་ཐེབས་པ་ལས་གྲུབ་པའི་བོད་ཡིག་གསལ་བྱེད་སུམ་ཅུ་དག་བྱེ་མའི་ཐང་མ་གྲུ་བཞི་མ་སོ་སོའི་ཐོག་ཏུ་བཞག་ནས། གཟིགས་མོ་བ་ཚོར་རྒུད་བཞིན་པའི་ཁོང་གི་ཕ་སྐད་ཀྱི་གནས་སྟངས་དེ་ལ་དྲན་གསོ་ཟབ་པོ་ཅིག་བཏང་།
ང་ཚོས་སྤྱི་ལོ་༢༠༡༡ལོའི་ཟླ་༡ཚེས་༡༡ཉིན་རེས་གཟའ་པ་སངས་ཀྱི་དགོང་དྲོར་དགེ་འདུན་ཆོས་འཕེལ་རི་མོའི་ཚོགས་པའི་ཚོགས་མི་གཉིས་གདན་དྲངས་ཏེ་དེང་དུས་སྒྱུ་རྩལ་གྱི་ལྷ་ས་ཞེས་པའི་བགྲོ་གླེང་ཐོག་དེང་རབས་བོད་ཀྱི་སྒྱུ་རྩལ་གྱི་ད་ལྟའི་འཕེལ་རྒྱས་གླེང་སྐབས། ཁོ་ཚོས་ཀུན་ཕན་ཐེབས་རྩ་ཚོགས་པའི་གཞུང་ལས་ཁང་དུ་གྲངས་འབོར་མང་ཞིང་ཡིད་དབང་འཕྲོག་པའི་རི་མོའི་སྐོར་གྱི་གློག་བརྙན་སྤྱིན་ཤོག་བསྟན་པ་དང་"བོད་ཡིག་ཀ་མད་སུམ་ཅུ་"ཞེས་པའི་བརྩམས་ཆོས་ནི་དེ་ཚོའི་གྲས་གཅིག་རེད།
བསྟན་འཛིན་རིག་གྲོལ།
ནེའུ་ཡོག་གྲོང་ཁྱེར་ནང་བཞུགས་པའི་དེང་རབས་བོད་རིགས་སྒྱུ་རྩལ་པ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་ཚེ་རིང་སྙན་གྲགས་ལགས་དང་ནོར་ཚེ་ལགས་གཉིས་ཀྱི་བགྲོ་གླེང་དེ་གཙོ་སྐྱོང་མཛད། དང་པོ་དགེ་འདུན་ཆོས་འཕེལ་རི་མོའི་ཚོགས་པ་ངོ་སྤྲོད་གནང་ནས་དགོང་དྲོའི་མཛད་སྒོ་དེ་དངོས་སུ་འགོ་ཚུགས། རིག་གྲོལ་གྱིས་དུས་རབས་ཉི་ཤུ་རྩ་གཅིག་གི་དུས་མགོར་བོད་རིགས་ཀྱི་སྒྱུ་རྩལ་གྱི་དམིགས་ཡུལ་གཙོ་བོ་དེ་ཡུལ་སྐོར་པའི་དངུལ་ཁུག་ལ་འཁོར་བ་དང་། དོན་དངོས་ཐོག་ལྷ་སའི་རི་མོའི་འགྲེམ་སྟོན་ཁང་མང་པོ་ཞིག་ནི་ས་གནས་ཀྱི་སྒྱུ་རྩལ་ལ་སྤྲོ་བ་ཡོད་མཁན་ཚོར་སྒོ་ཕྱེ་མེད་པར་འགྲེལ་བརྗོད་བྱས། བོད་རིགས་སྒྱུ་རྩལ་པ་དགའ་བདེ་དང་། ཚེ་རིང་དོན་གྲུབ། སྤེན་ཆུང་། ཚེ་རིང་རྡོ་རྗེ་བཅས་མི་བཞི་སྤྱི་ལོ་༢༠༠༢ལོར་ཀུན་ཕན་ཐེབས་རྩ་ཚོགས་པའི་སྦྱིན་བདག་འོག་ནེའུ་ཡོག་ཏུ་སྤེལ་བའི་བཅའ་སྡོད་སྒྱུ་རྩལ་པའི་ལས་གཞིར་ཞུགས། དེར་ཁོང་ཚོས་སྒྱུ་རྩལ་ལས་ཁང་མི་འདྲ་བ་དེ་དག་ནང་ལ་སྐྲུན་བཞིན་པའི་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་བརྩམས་ཆོས་དེ་དག་དངོས་སུ་མིག་གིས་མཐོང་། ལྷ་སར་ལོག་རྗེས་ཁོ་ཚོས་རང་ཉིད་ཀྱི་སྒྱུ་རྩལ་བསམ་བློ་ཁྱབ་སྤེལ་གཏོང་རྒྱུའིགོ་སྐབས་རྒྱ་སྐྱེད་གཏོང་བ་དང་དེང་རབས་བོད་རིགས་སྒྱུ་རྩལ་པའི་ལས་དོན་མཐོར་འདེགས་བྱ་རྒྱུའི་ཆོད་སེམས་བཅངས། སྤྱི་ལོ་༢༠༠༢ལོར་འདུན་པ་དེ་མངོན་འགྱུར་ཡོང་ཆེད་དགེ་འདུན་ཆོས་འཕེལ་རི་མོའི་ཚོགས་པ་འདི་བཙུགས། ཁྱེད་ནས་སྒྱུ་རྩལ་འགྲེམ་སྟོན་ཁང་དང་རི་མོའི་ཚོགས་པའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ན་
ང་ཚོའི་སྤྱི་ལོ་༢༠༡༠ལོའི་སྟོན་དུས་ཀྱི་ཀུན་ཕན་གཏམ་གསར་ དུས་དེབ་ལ་གཟིགས་དང་། དེའི་ནང་"སྲོལ་རྒྱུན་རྐང་འཛིན་པ།"ཞེས་པ་དང་"སྟོང་པ་ཉིད་ལས་བྲོས།"ཞེས་པའི་རྩོམ་གཉིས་བཀོད་ཡོད།
སྤྱི་ཟླ་དང་པོའི་གནམ་གཤིས་གྲང་བའི་དགོང་དྲོ་དེར། དེང་རབས་བོད་ཀྱི་སྒྱུ་རྩལ་གྱི་རྣམ་པ་དེ་དང་པོ་མེད་པ་ནས་རྗེས་མ་ཕྱོགས་ཡོངས་ལ་ཁྱབ་བརྡལ་འགྲོ་བཞིན་པའི་རྒྱལ་སྤྱིའི་ལས་འགུལ་ཚ་འུར་འུར་ཞིག་ཏུ་བསྒྱུར་སོང་ཟེར་ན་འུར་ཤོབ་མིན་སྙམ། གང་ལྟར་དགོང་དྲོ་དེར་དུས་རབས་མང་པོའི་རིང་གི་སྣང་བརྙན་དང་སྒྱུ་རྩལ་དེ་ད་ཆ་དེང་དུས་ཀྱི་བརྒྱུད་ལམ་སྣ་ཚོགས་དང་མཐུན་རྐྱེན་སྣ་ཚོགས་མཉམ་དུ་ཕྱོགས་ཡོངས་ལ་ཁྱབ་བསྒྲགས་ཕྱིན་སོང་།
ང་ཚོའི་བགྲོ་གླེང་ཚོགས་འདུའི་ནང་ལ། རིག་གྲོལ་གྱིས་རི་མོའི་ཚོགས་པའི་ཆེས་ཉེ་དུས་ཀྱི་འགྲུབ་འབྲས་གཉིས་ལ་གྲོས་མོལ་བྱས། "བོད་ཀྱི་ཚ་སྲེག་ཅན་གྱི་ཉི་མ།"ཞེས་པའི་འགྲེམ་སྟོན་ནི་ཀྲུང་གོའི་སྒྱུ་རྩལ་དཔྱད་གཏམ་པ་ལཱི་ཤཱན་ཏིང་གིས་པེ་ཅིང་གི་སུང་ཀྲང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་འཆར་འགོད་བྱས་པའི་འགྲེམ་སྟོན་ཞིག་ཡིན་པ་དང་། འགྲེམ་སྟོན་དེར་རྒྱ་བོད་གཟིགས་མོ་བ་ཚང་མས་དགའ་བསུ་མང་པོ་ཐོབ་པར་བརྟེན། འགྲེམ་སྟོན་གྱི་དུས་ཚོད་དེ་ཐེངས་མང་བསྒྱངས་ཡོད། དེ་ནི་སྔོན་ཕྱུང་མེད་པའི་རྒྱ་བོད་སྒྱུ་རྩལ་པའི་བར་གྱི་མཉམ་ལས་ཤིག་ཡིན་པ་དང་། འབྲེལ་ཡོད་སྒྱུ་རྩལ་པ་ཡོངས་དང་བྱེ་བྲག་ཏུ་དེང་རབས་བོད་རིགས་སྒྱུ་རྩལ་ལ་དམངས་ཀྱི་དོ་སྣང་ཤུགས་ཆེ་བྱུང་ཡོད། འགྲེམ་སྟོན་གཞན་ཞིག་ནི་སྤྱི་ལོ་༢༠༡༠ལོར་རུ་སྦིན་འགྲེམ་སྟོན་ཁང་དུ་གོ་སྒྲིག་བྱས་པའི་"རྣམ་པ་འགྱུར་བའི་སྲོལ་རྒྱུན་ཏེ་བོད་ཀྱི་སྒྱུ་རྩལ་པའི་ཡ་ལན།"ཞེས་པ་དེ་རེད། དེས་སྲོལ་རྒྱུན་གྱི་རྣམ་པར་དེང་དུས་སྒྱུ་རྩལ་གྱི་ཐབས་རྩལ་སྤྱོད་མཁན། བོད་ཀྱི་སྒྱུ་རྩལ་གྱི་ཤིང་རྟའི་སྲོལ་འབྱེད་བོད་རིགས་སྒྱུ་རྩལ་པ་དགུ་ངོ་སྤྲོད་བྱས་པ་དང་གསར་འགྱུར་དེ་"ནེའུ་ཡོག་དུས་བབས་"ཐོག་འཁོད་ཡོད།
ཚེ་རིང་སྙན་གྲགས།
རིག་གྲོལ་གྱིས་རིམོའི་ཚོགས་པའི་ལས་དོན་དང་འགྲེམ་སྟོན་གྱི་ཐོག་ལ་ངོ་སྤྲོད་ཚར་རྗེས། ང་ཚོས་ཚེ་རིང་སྙན་གྲགས་གདན་དྲངས་ནས་བོད་ནས་ཐོན་པའི་བརྩམས་ཆོས་མཐའ་དག་ཏེ། རི་མོའི་ཚོགས་པའི་ཚོགས་མི་དང་། ཡང་ན་སྒྱུ་རྩལ་པ་གཞན་དག་གི་བརྩམས་ཆོས་དག་ལས། ཆེས་ངོ་མཚར་རྨད་བྱུང་གི་བརྩམས་ཆོས་གང་ཡིན་མིན་ལ་ཁོང་གི་དགོངས་པ་དྲིས།
ཁོང་གི་དགའ་ཤོས་བརྩམས་ཆོས་ཏེ། "རང་གིས་དགའ་ཤོས་བྱེད་པའི་རླངས་འཁོར་གཞན་ལ་མི་ངོམས་མཁན་མེད།"ཅེས་པ་དེར་འགྲེལ་བརྗོད་བྱས་པས་ན། ཁང་པའི་ནང་དུ་དགོད་སྒྲས་ཁེངས། དེ་ནི་སོའོ་མཱ་ནི་ཡི་སྤྲུལ་སྐུ་དང་དངོས་གཙོ་སྨྲ་བ་བརྗོད་གཞིར་བྱས་པའི་སྣུམ་ཚོན་རི་མོ་ཞིག་ཡིན་པ་དང་། དེའི་ནང་ལ་སྲིད་འཛིན་ཨོ་སྦ་མ་ལྟ་བུའི་ནུབ་ཕྱོགས་མི་སྣའི་འདྲ་གཟུགས་ལ་བོད་ཀྱི་ཚོན་དང་རི་མོའི་འབྲི་རྩལ་སྤྱད་ནས་དེ་དག་མཉམ་བསྲེས་བྱས་ཡོད།
ཁོང་རང་ཉིད་ཀྱི་བརྩམས་ཆོས་སྐོར་ལ་ཆ་མཚོན་ན། སྙན་གྲགས་ཀྱིས་སྤྱི་ལོ་༢༠༠༤ལོ་ནས་༢༠༠༧ལོའི་བར་ཏུ་གསར་རྩོམ་བྱས་པའི་ཚན་པ་བརྒྱད་ཅན་གྱི་ལྒང་བུའི་མུ་སྦྲེལ་རི་མོ་འགའ་ཤས་ལ་འགྲེལ་བརྗོད་གནང་སོང་། ཡིད་དབང་འཕྲོག་པའི་རི་མོ་དེ་ཚོར་རི་མོ་མཁས་ཅན་ཤཱ་གཱལ་ཡི་གསོན་ཉམས་ལྡན་པའི་ཚོས་གཞི་སྔོན་པོ་དང་། ལྒང་བུ་བཀོལ་ནས་སྟོང་ཉིད་མཚོན་པའི་ཁྱད་ཆོས་ལྡན་ཡོད། ཁྱད་ཆོས་དེ་ཚོ་ནི་བོད་ཀྱི་ནང་ཆོས་ཀྱི་ལྟ་གྲུབ་གླེང་གཞིར་བཀོལ་བའི་རི་མོའི་བརྩམས་ཆོས་ཁག་གཅིག་ཡིན། ཁོང་གི་ཆེས་ཉེ་དུས་ཀྱི་བརྩམས་ཆོས་གཅིག་ཏེ་"སྒོམ་གྱི་ཐུན་དང་ཐུན་མཚམས་བར་ལ།"ཞེས་པའི་སྒྲིག་གཤོམ་བརྩམས་ཆོས་ཞིག་ད་ལྟ་འགྲེམ་སྟོན་ཁང་ལ་ཡོད་པ་དེ། འགྲེམ་སྟོན་གྲུབ་རྗེས་མི་རྣམས་ཀྱི་མདུན་དུ་བཤིགས་ནས་འདུས་བྱས་ཐམས་ཅད་མི་རྟག་ཅེས་པའི་ནང་པ་སངས་རྒྱས་ཀྱི་ལྟ་བ་དེ་གསལ་འདེབས་བྱ་རྒྱུ་ཡིན་ཞེས་གསུངས།
ནོར་ཚེ།
བསྟན་འཛིན་རིག་གྲོལ་གྱིས་དམིགས་བསལ་གྱི་མགྲོན་པོ་ནོར་རྩེའི་ཕྱོགས་སུ་བསྐྱོགས་ནས་བཅར་འདྲི་བྱས། ནོར་ཚེ་ནི་སྲོལ་རྒྱུན་གྱི་བསམ་བློ་དང་ཡོངས་སུ་ལྡོག་པའི་གསར་གཏོད་པ་ཞིག་ཡིན་པ་དང་། སྤྱིར་གསར་གཏོད་ལས་འགུལ་གྱི་གྲས་སུ་གཏོགས་པའི་མི་སྣ་ཚོར་མཚོན་ན་ཡང་ཁོང་ནི་ཆེས་གསར་གཏོད་པ་ཞིག་རེད། ནོར་རྩེས་གློག་བརྙན་ཡོལ་བའི་ཐོག་གི་མུ་སྦྲེལ་གྱི་པར་དེ་ཚོར་མཛུབ་མོ་བཙུགས་ནས། རང་གི་མངོན་མཚོན་རིང་ལུགས་ཀྱི་བརྩམས་ཆོས་ཐོག་མའི་གྲས་གཅིག་ཇི་ལྟར་བཞེངས་པའི་སྐོར་ལ་བཀྲལ། ལས་ཀ་དེ་ནི་སྤྱི་ལོ་༡༩༨༧ལོར་རྒྱ་རིགས་སྒྱུ་རྩལ་པ་ཞིག་དང་མཉམ་འབྲེལ་ཐོག་ནག་ཆུའི་མཚེའུ་ཞིག་གི་མདུན་དུ་རང་གི་གདོང་པ་རས་ཀྱིས་བཀབ་ཅིང་ལུས་ཀྱི་སྟངས་ཀ་འདྲ་མིན་སྟོན་པའི་འདྲ་པར་མུ་སྦྲེལ་ཅན་ཞིག་བཟོས་པ་དེ་ཡིན། གདོང་སྦས་ཡོད་སྟབས། ཁོང་གི་རི་མོའི་ནང་གི་མི་དེའི་ངོ་བོ་མི་གསལ་བས། དེ་དམར་སྲུང་དམག་ཅིག་ཡིན་ནམ། གྲྭ་པ་ཞིག་ཡིན་ནམ། ཡང་ན་དེང་རབས་ཀྱི་ཚོང་པ་ཞིག་ཡིན་མིན་ད་དུང་ལྐོག་གྱུར་ཡིན། ལྐོག་གྱུར་དེ་རྗེས་མ་ཁོང་གི་བརྩམས་ཆོས་མང་དག་ཞིག་གི་བརྗོད་གཞིར་གྱུར།
རི་མོ་ནས་འདྲ་པར་དང་དེ་ནས་"ཀ་མད་སུམ་ཅུ།"ལྟ་བུའི་སྒྲིག་གཤོམ་སྒྱུ་རྩལ་གྱི་བརྩམས་ཆོས་དེ་དག་ལས་ཤེས་ཐུབ་པར། ནོར་ཚེ་ནི་བོད་ཀྱི་ཤེས་བྱའི་གནས་མང་པོར་མཁས་པའི་སྒྱུ་རྩལ་པ་ཞིག་རེད། ཡང་འགྲེམ་སྟོན་གཞན་ཞིག་ལ། ཐབ་ཚང་ནང་གི་སུར་པན་གྱི་སོན་དང་། རྒྱ་ཐུག སྒོང་ངའི་ཤུན་ཀོག་སོགས་དངོས་པོ་མི་འདྲ་བ་བཞི་བཅུ་ལྷག་བེད་སྤྱོད་བྱས་ནས་སྣུམ་ཚོན་རི་མོའི་ཤིང་པང་ཞིག་བསྐྲུན་ཡོད།
དོ་དགོང་ཀྱི་ངོ་སྤྲོད་ནང་ལ་ད་དུང་ནོར་ཚེ་ཡི་རང་བརྙན་རང་བྲིས་ཀྱི་མུ་སྦྲེལ་བརྩམས་ཆོས་འགའ་ཞིག་ཚུད་ཡོད་པ་དང་། དེ་ཚོའི་ནང་ལ་གོ་ལ་ཚ་རུ་འགྲོ་བ་དང་། མི་འབོར་འཕེལ་བ། མི་རིགས་ཀྱི་ངོ་བོ་ལ་སོགས་པའི་བརྗོད་གཞི་སྣ་ཚོགས་ལ་འཚོལ་ཞིབ་བྱས་ཡོད། བརྩམས་ཆོས་འདི་དག་གིས་ང་ཚོའི་མིག་མདུན་དུ་སྦེལ་ཇམ་གྱི་རི་མོ་མཁས་ཅན་མཱར་གཱ་རཱི་ཊེ་དྲངས་པ་མ་ཟད། ཁོང་ཡང་ཌི་ཇི་ཊོལ་གྲངས་ཀྱི་དུས་རབས་འདིའི་ནང་དུ་བཞུགས་ཡོད་དམ་སྙམ་པའི་ཐེ་ཚོམ་ཤར། ཡང་རི་མོ་གཅིག་གི་ནང་དུ་ནོར་ཚེ་ཡི་ལག་ངར་གཉིས་བྲང་མདུན་དུ་ནག་ནོག་ཏུ་གྱུར་པའི་རས་དཀར་པོ་ཞིག་གིས་བཀྱིགས་འདུག ཕྱིར་བརྐྱངས་པའི་སྦར་མཐིལ་ནང་དུ་ཕྱེ་མ་ལེབ་ལྗང་ཁུ་འགའ་ཤས་གཤོག་པ་རྡེབ་རྡེབ་བྱེད་བཞིན་འདུག གལ་ཏེ་ང་ཚོས་འཁྲིས་ནས་བལྟས་ཚེ་ཕྱེ་མ་ལེབ་ཀྱི་གཤོག་པའི་ཐོག་ཏུ་བོད་ཡིག་གི་མགུར་གླུ་བརྐོས་འདུག་པ་དང་། ཁོང་ཚོའི་འབྱུང་ཁུངས། ད་དུང་ལག་གཉིས་ཀྱི་བར་དུ་ཤོག་ལྷེ་འགའ་ཤས་ཁྱིའུ་ལྟར་འཚུད་པ་བཅས་མཐོང་ཐུབ། དེ་ནི་སྤྱི་ལོ་༢༠༠༦ལོར་སྣུམ་ཚོན་དང་གྲངས་ཡིག་ལག་རྩལ་མཉམ་བསྲེས་བྱས་ཏེ་བརྩམས་པའི་"སྡུག་བསྔལ་ལས་གྲོལ་པ།"ཞེས་པའི་རི་མོ་དེ་རེད།
ནོར་ཚེའི་ངོ་སྤྲོད་ལས་ང་ཚོ་ཚང་མར་རང་གི་དགའ་ཕྱོགས་ཤིག་དང་ཤེས་བྱ་ཞིག་ཐོབ་ཡོད་པ་མ་ཟད། གལ་ཆེ་ཤོས་ཤིག་ལ་ནོར་ཚེས་མ་འོངས་པར་བརྩམས་ཆོས་གང་འདྲ་ཞིག་སྐྲུན་ཀྱང་དེ་ནི་སྔོན་མ་ལས་ཡོངས་སུ་ལྡོག་པ་ཞིག་དང་། སྔོན་མ་མི་ཚོས་རྩ་བ་ནས་མཐོང་མ་མྱོང་བའི་བརྩམས་ཆོས་ཤིག་ཡིན་སྲིད་པའི་ཚོར་སྣང་ཤར།
སྒྲོན་བརྙན་གྱི་སྙན་སྒྲོན་ཚར་རྗེས། ང་ཚོའི་དཔེ་ཁང་ནང་གློག་སྒྲོན་སྤར་བའི་དུས་སུ། སྒྱུ་རྩལ་པ་ཚོའི་དེང་རབས་བོད་ཀྱི་སྒྱུ་རྩལ་ལས་འགུལ་ཐོག་གི་བགྲོ་གླེང་དེ་ཧ་ཅང་གི་འཁྲུག་ཆ་དོད་པོར་གྱུར། སྙན་གྲགས་ཀྱིས་ཀྲུང་གོའི་ཕྱི་ནང་གང་ལ་ཡིན་རུང་། བོད་ཀྱི་སྒྱུ་རྩལ་ནི་གོ་ལ་ཅན་ཏུ་འགྱུར་རྒྱུ་དེ་མ་ཡིན་པར། དེས་བས་དེ་ནི་ས་གནས་ཀྱི་རི་མོའི་སྒྱུ་རྩལ་པ་གསོ་སྐྱོང་དང་དེ་བཞིན་གྲྭ་པ་དང་། བཙུན་མ། དགེ་རྒན། ཚོང་པ། ལྷ་སར་ཕེབས་པའི་ས་གནས་ཀྱི་གནས་སྐོར་བ་བཅས་གདན་འདྲེན་ནས་རི་མོའི་སྒྱུ་རྩལ་པ་དང་ཁོ་ཚོའི་བརྩམས་ཆོས་ལ་མཉམ་ལས་བྱ་རྒྱུ་དེ་གལ་ཆེ་ཡིན་པའི་ནན་བཤད་བྱས།
ནོར་ཚེས་མ་འོངས་ལོ་ངོ་བཅུ་ནས་ཉི་ཤུའི་རིང་སྒྱུ་རྩལ་རིག་གནས་ཤིག་ཕུགས་འཕེར་ཡོང་དགོས་ན་སྒྱུ་རྩལ་པ་ཚོ་ངེས་པར་དུ་གསར་གཏོད་མིན་པའི་ལད་མོ་དང་སྐྱར་བཟློས་ལས་སྒྲོལ་དགོས་པའི་རྟིང་སྐུལ་ཚིག་འགའ་ཤས་གསུངས་སོང་། རི་མོའི་སྒྱུ་རྩལ་ལ་བོད་ཡིག་གི་འགྱུར་ཉེ་ཤོས་དེ་ནི་ལྷ་བྲིས་ཅེས་བསྒྱུར་ཡོད། དུས་རབས་མང་པོའི་རིང་ཆོས་ལུགས་ཀྱི་བྱེད་སྒོ་དང་སྒྱུ་རྩལ་གཉིས་དམ་པོར་སྦྲེལ་པའི་ས་ཁུལ་ཞིག་གི་ངོས་ནས་བརྗོད་ན། སྒྱུ་རྩལ་པ་ཚོས་ཡུལ་སྐོར་པའི་དགོས་མཁོ་དང་སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་འོག་ལད་ཟློས་ཀྱི་ལམ་བུའི་ཐོག་ལ་ལོག་པའི་ཉེན་ཁ་ཤིན་ཏུ་ནས་ཆེ་གསུངས།
"དེང་དུས་སྒྱུ་རྩལ་གྱི་ལྷ་ས།"ཞེས་པ་ནི་ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་སྒྱུ་རྩལ་སྲུང་སྐྱོབ་དང་གོང་སྤེལ་གཏོང་ཆེད་འགྲོ་གྲོན་བཏང་ནས་སྤེལ་བའི་ལས་གཞི་ཞིག་རེད། ང་ཚོས་དེང་རབས་བོད་ཀྱི་སྒྱུ་རྩལ་ལས་འགུལ་གྱི་སྣེ་ཁྲིད་ནས་སྲོལ་རྒྱུན་སྒྱུ་རྩལ་སྲུང་སྐྱོབ་དང་། མཐོ་སྒང་སྟེང་དར་བཞིན་པའི་སྒྱུ་རྩལ་དང་སྒྱུ་རྩལ་པ་གོང་སྤེལ་གཏོང་བར་ཞབས་ཞུ་ཕྲན་བུ་སྒྲུབ་ཐུབ་པར་སྤོབས་པ་མཆིས། ང་ཚོས་བསྟན་འཛིན་རིག་གྲོལ་དང་། ནོར་ཚེ། ཚེ་རིང་སྙན་གྲགས་བཅས་ཀྱིས་དམིགས་བསལ་གྱི་བྱེད་སྒོ་འདིར་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་དང་། དེ་བཞིན་ང་ཚོས་སྐུ་མགྲོན་རྣམས་ཀྱིས་ང་ཚོའི་དཔེ་མཛོད་ཁང་དུ་ཕེབས་ནས་སྒྱུ་རྩལ་པ་འདི་ཚོའི་བརྩམས་ཆོས་འགྲེམ་སྟོན་དཀར་ཆག་དང་དགེ་འདུན་ཆོས་འཕེལ་རི་མོའི་ཚོགས་པའི་ཚོགས་མི་ཚོའི་མཛེས་སྡུག་ལྡན་པའི་བརྩམས་ཆོས་དངོས་ལ་ལྟ་ཞིབ་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
ཚེ་རིང་སྙན་གྲགས་ནི་༼སྤྱི་ལོ་༡༩༧༤ལོར་ལྷ་སར་སྐྱེས་༽ལྷ་སའི་དགེ་འདུན་ཆོས་འཕེལ་རི་མོའི་ཚོགས་པ་ཕྱག་འདེབས་མཁན་གྱི་གྲས་ཤིག་ཡིན། ཁོང་གིས་སྤྱི་ལོ་༡༩༩༩ལོ་ནས་བཟུང་བོད་ལྗོངས་སློབ་ཆེན་གྱི་རི་མོའི་སྒྱུ་རྩལ་ཚན་ཁག་གི་མཐོ་རིམ་སློབ་དཔོན་དང་རི་མོའི་ཚོགས་པའི་ཚོགས་མི་སློབ་དཔོན་ཚེ་དབང་བཀྲ་ཤིས་ཀྱི་དྲུང་ནས་སློབ་གཉེར་བྱས། ཁོང་གི་ཆེས་ཉེ་དུས་ཀྱི་བརྩམས་ཆོས་ནི་སྐྱ་ཐེར་ཐེར་གྱི་རྒྱབ་ལྗོངས་ཀྱི་མདུན་དུ་འོད་མདངས་དང་མཚོན་རྟགས་ཀྱིས་ཁེངས་པའི་བུད་མེད་དང་ཕྲུ་གུའི་གཟུགས་བརྙན་གྱི་རི་མོ་གཅིག་ཡོད།
ནོར་ཚེ་ནི་༼སྤྱི་ལོ་༡༩༦༣ལོར་སྐྱེས་༽སྤྱི་ལོ་༢༠༠༥ལོར་དགེ་འདུན་ཆོས་འཕེལ་རི་མོའི་ཚོགས་པའི་ནང་ལ་ཞུགས། ལོ་རབས་༨༠དུས་མགོ་ནས་ལོ་རབས་༩༠དུས་མགོ་བར། བོད་ལྗོངས་སློབ་ཆེན་དང་པེ་ཅིང་དབུས་སྒྱུ་རྩལ་སློབ་གླིང་སོགས་ཀྲུང་གོའི་སློབ་གླིང་མང་པོའི་ནང་སྒྱུ་རྩལ་སློབ་གཉེར་བྱས་ཡོད།
བསྟན་འཛིན་རིག་གྲོལ་ནི་བལ་ཡུལ་གྱི་གྲོང་ཁྱེར་ཀཱ་ཐཱ་མཎ་ཌུ་ལ་སྐྱེས། ཁོང་ལ་ཐང་ཀའི་ལྷ་བྲིས་ཤེས་ཚད་ལག་འཁྱེར་ཡོད་པ་མ་ཟད་ད་དུང་རྒྱ་གར་དང་ཀཱ་ཐཱ་མཎ་ཌུ་ཡི་ནང་དུ་རྡུལ་ཚོན་དང་མར་རྒྱན་སོགས་སློབ་སྦྱོང་བྱས། སྤྱི་ལོ་༢༠༠༥ལོར་ཌན་ཝར་་ལ་ཆགས་པའི་ཀ་ལོར་ར་ཌོར་གཙུག་ལག་སློབ་ཆེན་ནས་སྒྱུ་རྩལ་ལོ་རྒྱུས་ཀྱི་ཤེས་རམས་པ་དང་རི་མོ་དང་དཔེ་རིས་ཀྱི་ཤེས་རམས་པའི་མཚན་རྟགས་ཐོབ། བསྟན་འཛིན་རིག་གྲོལ་གྱི་སྒྱུ་རྩལ་བརྩམས་ཆོས་རྣམས་ཨ་རི་དང་། དབྱིན་ཇི། ཤང་ཀང་། ཀྲུང་གོ་སོགས་ཀྱི་ཚོགས་ར་མང་དག་ཅིག་ལ་འགྲེམ་སྟོན་བྱས་ཡོད། སྤྱི་ལོ་༢༠༠༨ལོར་ཁོང་ལ་ཝཪ་མོན་ཊི་སྒྱུ་རྩལ་ལྟེ་གནས་ལ་སློབ་གཉེར་བྱ་ཆེད་ཀྱི་རུ་སྦིན་ཧི་མ་ལ་ཡ་སྒྱུ་རྩལ་པའི་སློབ་ཡོན་བྱ་དགའ་ཐོབ། ཁོང་ད་ལྟ་གྲོང་ཁྱེར་ནེའུ་ཡོག་ནང་དུ་འཚོ་བཞུགས་གནང་བའོ།